སྐབས་ཉེར་བཞི་པའི་པེ་ཅིང་དགུན་ཨོ་རྒྱལ་ཁའི་ངང་མཇུག་འགྲིལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-22



     སྐབས་ཉེར་བཞི་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོ་དེ་སྤྱི་ཚེས་20ཉིན་གྱི་དགོང་མོ་རྒྱལ་ཁབ་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་གཉེར་བ་དང་། ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད།

     སྤྱི་ལོ་2008ལོར་ལོ་བརྒྱའི་ཨོ་རྩལ་ཕུགས་འདུན་མངོན་འགྱུར་བྱུང་བ་ནས་སྤྱི་ལོ་2022ལོར་སླར་ཡང་ཨོ་རྩལ་འགྲན་ཚོགས་གཉེར་བའི་བར། པེ་ཅིང་ཉིད་ལོ་རྒྱུས་ཐོག་ཨོ་རྩལ་གཉིས་གཉེར་གྱི་གྲོང་ཁྱེར་ཐོག་མ་དེར་གྱུར་ཡོད། འདས་ཟིན་པའི་ཉིན་16རིང་། པེ་ཅིང་གིས་རྩལ་འགྲན་ལུས་རྩལ་གྱི་གཟི་བརྗིད་དང་ཕུགས་བསམ་ལ་བདེན་དཔང་བྱས་ཡོད་ལ། མིའི་རིགས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མཛའ་ཤེས་ཀྱང་གཅིག་སྡུད་བྱས་ཡོད། ཨ་ལོང་ལྔ་དར་འོག་ཏུ་རྒྱལ་ཁབ་དང་ས་ཁུལ་91ནས་ཕེབས་པའི་ལུས་རྩལ་པ་3000ལྷག་གིས་འབད་བརྩོན་ལྷོད་མེད་དང་འགྲན་སློང་མཐར་ཐུག རང་ཉིད་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས།འཛམ་གླིང་གི་ཟིན་ཐོ་2གསར་དུ་བཏོད་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ་17གསར་དུ་བཏོད་དེ་དེ་བས་མགྱོགས་པ་དང་དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ་དང་དེ་བས་མཐུན་སྒྲིལ་ཆེ་བའི་ངོ་མཚར་གྱི་ལེའུ་གསར་པ་བརྩམས་ཡོད། ཀྲུང་གོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཀྱིས་སྟབས་བདེ་ལ་བདེ་འཇགས་ཆེ་བ་དང་། ངོ་མཚར་ཆེ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད། རྩེར་སོན་གྱི་འགྲན་རའི་སྒྲིག་བཀོད་དང་ཕུལ་དུ་བྱུང་བའི་སྒྲིག་འཛུགས་དང་ཞབས་ཞུའི་ལས་དོན་ལ་ཨོ་ལིན་ཕིག་ཁྱིམ་ཚང་ཆེན་མོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། ཀྲུང་གོའི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་དགུ་དང་དངུལ་གྱི་རྟགས་མ་བཞི། ཟངས་ཀྱི་རྟགས་མ་གཉིས་བཅས་ཀྱི་ཐོག་ནས་སྐབས་རྐྱང་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་ཁ་གྲངས་དང་བྱ་དགའི་རྟགས་མའི་ཁ་གྲངས་ཀྱི་ཟིན་ཐོ་གཉིས་བཏོད་ནས་གསེར་གྱི་རྟགས་མའི་བང་རིམ་གྱི་ཨང་གསུམ་པ་བླངས་ཏེ་སྤྱི་ལོ་1980ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་ཚུན་གྱི་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

     མཚན་མོར་རྒྱལ་ཁབ་ལུས་རྩལ་ཁང་དུ་གློག་འོད་ཀྱི་མཚོན་མདངས་རྣམ་པར་བཀྲ་ཞིང་། རྣམ་པ་འཁྲུག་ཆ་ཧ་ཅང་དོད།

     ༼ཞི་བདེ་དང་ལས་དབང་གཅིག་མཐུན་མ་ལག་༽ཅེས་པའི་རོལ་མོའི་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྲུའུ་ཞི་པ་ཧོ་སོགས་དང་ལྷན་དུ་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ཏེ་གཟིགས་མོ་བ་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལུགས་མཚོན་པར་གནང་བས། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས།


     ཆུ་ཚོད་20ཐོག མཇུག་འགྲིལ་མཛད་སྒོའི་འགོ་ཚུགས་འཁྲབ་སྟོན་༼འོད་སྒྲོན་༽ཞེས་པ་འགོ་ཚུགས་པ་དང་། ཕྲུ་གུ་རྣམས་ཀྱིས་ལག་ཏུ་ཁ་བའི་མེ་ཏོག་གི་དབྱིབས་སུ་གྲུབ་པའི་གློག་སྒྲོན་འཁྱེར་ཏེ་དང་པོའི་བཅོ་ལྔའི་དུས་ཆེན་སྐབས་སྒྲོན་མེ་རྩེད་བའི་སྲོལ་རྒྱུན་ཐོག་ནས་ཡུལ་དངོས་ཀྱི་དགུན་ཞེས་པའི་རྒྱ་ཡིག་ཡིག་འབྲུ་དེར་འོད་སྒྲོན་ཡོད་པ་རེད།

     གཟིགས་མོ་བ་ཡོངས་ཀྱིས་ཡར་བཞེངས་ནས་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་དང་། ཚོན་མདོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷབ་ཏུ་བསྒྲེང་ཡོད།

    ཚོགས་རའི་དབུས་སུ་ཀྲུང་གོའི་བཀྲ་ཤིས་མཚོན་མདུད་ཅིག་མངོན་པ་དང་། དར་ཆ་བསྒྲེང་མཁན་ཚོས་ལག་ཏུ་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་མཁན་འཐུས་མི་ཚོགས་པ་91གི་དར་ཆ་བསྣམས་ཏེ་ཚོགས་རར་འཛུལ་ཡོད།  ༼སྤྲོ་སྣང་བསྟོད་པ་༽ཞེས་པའི་ངོ་མཚར་རོལ་མོའི་དཀྲོལ་རྗེས། ལུས་རྩལ་པ་རྣམས་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་སུ་དགའ་འབོད་དང་ཐལ་མོའི་རྡེབ་སྒྲས་ཁེངས་ཤིང་། ལུས་རྩལ་པ་རྣམས་ལ་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་དང་སྦྲགས་གུས་བཏུད་ཞུས་ཡོད།

    བརྙན་ཡོལ་ཆེན་པོའི་ཐོག་ཏུ་བརྙན་ཐུང་༼2022ལོ། ང་ཡོད་༽ཅེས་པ་བསྟན་ཞིང་། དེ་ལས་ལུས་རྩལ་པ་རྣམས་ཀྱིས་དཀའ་སྤྱད་འབད་འཐབ་དང་སྤྲོ་སེམས་རབ་འཁོལ་གྱིས་འགྲན་བསྡུར་བྱེད་པའི་ངོ་མཚར་ཆེ་བའི་སྐད་ཡིག་ཉིད་བསྐྱར་དུ་མངོན་པར་བྱས་ཡོད། དེ་རྗེས། རི་ཀླུང་གངས་ཤུད་བུད་མེད་ཀྱི་སྤྱི་ལེ་30ཡི་གཅིག་སྡུད་རྡོག་ཐོན་རྣམ་གྲངས་དང་རི་ཀླུང་གངས་ཤུད་སྐྱེས་པའི་སྤྱི་ལེ་50ཡི་གཅིག་སྡུད་རྡོག་ཐོན་རྣམ་གྲངས་ཁྲོད་བྱ་དགའ་ཐོབ་མཁན་གྱི་ལུས་རྩལ་པར་བྱ་དགའ་སྤྲད་ཡོད་པ་རེད།

     དང་བླངས་པའི་ལྷག་བསམ་དག་པའི་འཛུམ་ཞལ་རེ་རེ་བརྙན་ཡོལ་ཐོག་ཡང་ནས་ཡང་དུ་མངོན་བཞིན་ཡོད། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་ཨོ་ལིན་ཕིག་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འཐུས་མིས་ལུས་རྩལ་པ་ཡོངས་ཀྱི་ཚབ་ཞུས་ནས་དང་བླངས་པའི་འཐུས་མི་དྲུག་ལ་གུས་བཏུད་ཞུས་པ་དང་། རྒྱ་ཆེའི་དང་བླངས་པ་ཚོར་ཟོལ་མེད་ཀྱི་ཐུགས་རྗེ་ཞུ་ལུགས་མཚོན་པར་གནང་ཡོད། སྤྱི་ལོ་2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱིས་༼དང་བླངས་པར་གུས་བཏུད་ཞུ་༽བའི་ལས་རིམ་དེ་གསར་དུ་བཏོད་པ་མ་ཟད་དུས་དེ་ནས་བཟུང་ཨོ་རྩལ་མཇུག་འགྲིལ་མཛད་སྒོའི་ཐོག་གི་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རིང་། དང་བླངས་པ་ཁྲི་ཁ་ཤས་ཀྱིས་སེམས་རྩ་འཁོལ་བའི་ཞབས་ཞུ་དང་། དཀའ་སྤྱད་འབད་འཐབ་གནང་བར་ཡོངས་ཁྱབ་ཐོག་བསྔགས་བརྗོད་ཐོབ་ཡོད།

     བརྙན་ཡོལ་ཆེན་མོའི་ཐོག་ཏུ་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་བརྙན་ཐུང་༼དད་སེམས་ནི་སྟོབས་ཤུགས་༽ཡིན་ཞེས་པ་བསྟན་ནས་དེ་བས་མགྱོགས་ལ། དེ་བས་མཐོ་བ།  དེ་བས་སྟོབས་ཆེ་བ་དང་དེ་བས་མཐུན་སྒྲིལ་ཆེ་བའི་ཨོ་ལིན་ཕིག་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་ཡོད།

     རྒྱས་འཛོམས་མཇུག་འགྲིལ་བ་ཉེ་བས། སླར་ཡང་ཞལ་གྱེས་ཞུ་བའི་དུས་སུ་སླེབས་ཡོད། ཀྲུང་གོའི་གནའ་མིས་རྒྱུན་དུ་ལྕང་མ་ལྟེབ་ནས་སྐྱེལ་མ་ཞུས་ཏེ་དྲན་གདུང་གི་བརྩེ་བ་བཅོལ་བའི་སྲོལ་རྒྱུན་ཡོད། ལས་རིགས་མི་འདྲ་བ་དང་ལོ་ཚོད་མི་གཅིག་པའི་མི་ཕལ་པ་365ཡིས་ལག་ཏུ་ལྕང་མའི་ཡལ་ག་བསྣམས་ཏེ་ལུས་རྩལ་ཁང་གི་དབུས་སུ་འཛོམས་ནས་ལོ་གཅིག་ཞག་མ་365ཡི་དྲན་གདུང་མཚོན་པར་བྱས་ཡོད། འོད་མདངས་དཀར་པོ་ཞིག་དེའི་དབུས་ནས་འཕྲོས་ཏེ་འོད་སྣང་གི་རྡོ་རིང་ཞིག་ཏུ་གྲུབ་ནས་དཔལ་འབར་གཙོ་བོ་སྟེ་ཁ་བའི་མེ་ཏོག་ཆེན་མོ་ཡར་བཀྱགས་ཡོད། བརྙན་ཡོལ་ཆེན་མོའི་ཐོག་ཏུ་༼2022ལོ།  ང་ཚོ་ཡོད་༽ཅེས་པའི་བརྙན་ཐུང་བསྟན་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དྲོ་སྐྱིད་ཀྱིས་ཁེངས་ཤིང་མི་སེམས་འགུལ་བའི་རྣམ་པ་མང་པོ་ཟིན་ཐོར་བཀོད་ཡོད།

     དེ་རྗེས། ཀེ་རི་སིའི་རྒྱལ་དར་བསྒྲེང་བ་དང་ཀེ་རི་སིའི་རྒྱལ་གླུ་ལེན་པའི་མཛད་སྒོ་གཉེར་ཡོད།

     ཧོ་པེ་ཧྥུ་ཡང་རི་ཁུལ་ནས་ཡོང་བའི་ཕྲུ་གུ་རྣམས་ཀྱིས་སླར་ཡང་ཨོ་ལིན་ཕིག་གི་ཚོགས་གླུ་བླངས་པ་དང་། ཨོ་ལིན་ཕིག་ཚོགས་དར་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་དུ་དལ་བུར་ཕབ་ཡོད།

     ཨོ་ལིན་ཕིག་གི་ཚོགས་དར་རྩིས་སྤྲོད་མཛད་སྒོ་འགོ་ཚུགས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་གྲོང་སྤྱི་ཁྲེན་ཅེ་ཉིང་གིས་ཨ་ལོང་ལྔ་དར་གཡུགས་ཙམ་གནང་ནས་རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་ལ་རྩིས་སྤྲོད་གནང་བ་དང་། པ་ཧོས་ཚོགས་དར་སྐབས་རྗེས་མའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྱི་གྲོང་ཁྱེར་སྟེ། དབྱི་ཏྲ་ལིའི་མི་ལན་གྲོང་ཁྱེར་གྱི་གྲོང་སྤྱི་ས་ལ་དང་ཁོར་ཏི་ན་ཏན་ཕེ་ཙོ་ཡི་གྲོང་སྤྱི་ཀའེ་ཏི་ནའི་ཕྱག་ཏུ་རྩིས་སྤྲོད་གནང་ཡོད།

     ཚོགས་ར་ཡོངས་སུ་དབྱི་ཏྲ་ལིའི་རྒྱལ་གླུ་བླངས་ནས་དབྱི་ཏྲ་ལིའི་རྒྱལ་དར་བསྒྲེང་ཡོད། མི་ལན་གྲོང་ཁྱེར་དང་ཁོར་ཏི་ན་ཏན་ཕེ་ཙོ་གྲོང་ཁྱེར་གྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་༼གྲོང་ཁྱེར་གཉིས་ལག་གདང་སྦྲེལ་ནས་སྟོབས་ཤུགས་སྒྲིལ་ཏེ་གཟི་བརྗིད་གཏོད་༽ཅེས་པ་འཁྲབ་སྟོན་བྱས་ཡོད།

     དེ་རྗེས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚའེ་ཆི་ཡིས་ཤིས་ཚིག་བསྒྲོན་གནང་བ་དང་། ཁོང་གིས་བརྗེད་པར་དཀའ་བའི་ཉིན་16རིང་།  འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་ལུས་རྩལ་པ་རྣམས་ཀྱིས་འགྲན་རའི་ཐོག་ཏུ་གཟི་དཔལ་ངོམས་ནས་ལུས་རྩལ་གྱི་ཡིད་དབང་འཕྲོག་ནུས་མངོན་ཏེ་དེ་བས་མགྱོགས་ལ། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ་དང་དེ་བས་མཐུན་སྒྲིལ་ཆེ་བའི་ཨོ་ལིན་ཕིག་གི་ལེགས་བཤད་ལ་འགྲེལ་བརྗོད་གཏིང་ཟབ་བྱས་ཡོད། ཨོ་ལིན་ཕིག་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཁག་ནས་མཐུན་སྒྲིལ་རོགས་ལས་གནང་བ་དང་། སྨྱན་སྦྱོར་ཁག་གིས་བརྒྱུད་གཏོང་ཞིབ་ཚགས་བྱས་པ་བརྒྱུད་དེ་འཛམ་གླིང་ཕྱོགས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཕྱི་ནང་གཉིས་ཀྱི་ངོ་མཚར་སྐད་ཅིག་མངོན་པར་གནང་ཡོད་པས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོའི་ལུས་ཐོག་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ངོ་མཚར་གཅིག་མཚུངས་སུ་མངོན་ཡོད། དབྱར་དུས་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་མཁན་གྲོང་ཁྱེར་དང་སྤྱིར་བཏང་མིན་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་ས་གོ་ལ་ཧྲིལ་པོའི་གངས་འཁྱགས་ལུས་རྩལ་གྱི་དུས་རབས་གསར་པའི་འགོ་བཙུགས་ཡོད་པས་ང་ཚོས་བརྗེད་པར་དཀའ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་དེ་སེམས་ནང་བརྟན་པོར་ངེས་ནས་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་ལག་གདང་སྦྲེལ་ནས་གཏོད་དགོས་ཞེས་གསུངས་ཡོད་པ་རེད།

     རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོས་ཤིས་ཚིག་བསྒྲོན་ཡོད་པ་དང་ཁོང་གིས། ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲོང་ཚོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་འགྲན་ར་ཁག་གིས་མི་རྣམས་ཀྱི་ཡིད་དབང་རྦད་དེ་འཕྲོག་པ། སྒྲིག་འཛུགས་ལས་དོན་ཁག་སྤྱིར་བཏང་མིན་པ་ཕུལ་དུ་བྱུང་ཡོད། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་ཀྲུང་གོའི་སྲིད་གཞུང་སྡེ་ཁག དེ་བཞིན་ཀྲུང་གོར་ཡོད་པའི་ང་ཚོའི་མཉམ་ལས་རོགས་པ་ཡོངས་དང་གྲོགས་པོ་ཡོངས་ལ་ལྷག་བསམ་རྣམ་པར་དག་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་གནམ་འོག་ཏུ་འགྲན་ཟླ་བྲལ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཞིག་ཡིན་ཞིང་། ང་ཚོས་ཀྲུང་གོ་འདི་ཉིད་གངས་འཁྱགས་ལུས་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། དེ་རྗེས་པོ་ཧོས་སྐབས་24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་མ་ཟད་འཛམ་གླིང་ཡོངས་ཀྱི་གཞོན་ནུ་ཚོ་ལོ་བཞིའི་རྗེས་སུ་མི་ལན་དང་ཁེར་ཏི་ན་ཏན་ཕེ་ཙོ་རུ་མཉམ་འཛོམས་ཀྱིས་སྐབས་25པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད།

     མདུན་གྱི་བརྙན་ཡོལ་ཆེན་པོའི་ཐོག་ཏུ་སླར་ཡང་མཇལ་ཡོང་། མཉམ་དུ་མ་འོངས་པའི་ཕྱོགས་སུ་བསྐྱོད་ཅེས་པའི་བརྙན་ཐུང་ཞིག་བསྟན་པ་དང་། ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་ལ་ཉེ་བའི་མཚམས་འདིར་ཀྲུང་གོའི་མི་དམངས་དང་འཛམ་གླིང་ས་གནས་ཁག་ནས་ཕེབས་པའི་སྐུ་མགྲོན་བར་ཕན་ཚུལ་འབྲལ་བར་མི་ཕོད་པའི་བརྩེ་བ་དམ་དུ་སྦྲེལ་ཡོད་པ་རེད།

     ཆུ་ཚོད་21དང་སྐར་མ་35ཐོག་སྤྱི་ལོ་2008ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་གླུ་་གཞས་ང་དང་ཁྱེད་ཅེས་པ་དེ་སླར་ཡང་གྲགས་པ་དང་འོད་ཆེམ་ཆེམ་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཨ་ལོང་ལྔ་པོ་དེ་དག་ཚོགས་རའི་དཀྱིལ་ངོས་ནས་ཡར་སྒྲེངས་ཡོད། དཔལ་འབར་གཙོ་བོ་སྟེ་ཁ་བའི་མེ་ཏོག་ཆེན་པོ་དེ་དལ་པོའི་ངང་བབས་པ་དང་དྭངས་ཞིང་གཙང་བའི་ཁ་བའི་མེ་ཏོག་གི་གླུ་སྒྲའི་ཁྲོད་ནས་ཉིན་16འབར་བའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་རིམ་བཞིན་ཤི་ཡོད་པ་རེད།

     རྟེན་འབྲེལ་ཤོག་སྦག་ལུས་རྩལ་ཁང་གི་མཁའ་དབྱིངས་སུ་འབར་དང་བསྟུན་ནས་ཨ་ལོང་ལྔའི་དབྱིབས་སུ་གྲུབ་པ་དང་གནམ་འོག་ཁྱིམ་ཚང་གཅིག་ཅེས་པའི་རྒྱ་ཡིག་དང་དབྱིན་ཡིག་མངོན་པས་གླུ་སྒྲ་དང་ཐལ་མོའི་རྡེབ་སྒྲ། འབོད་སྒྲ་བཅས་མཉམ་དུ་གྲགས་ནས་རྒྱལ་ཁབ་ལུས་རྩལ་ཁང་དེ་དགའ་སྤྲོ་རབ་ཏུ་འཁོལ་བའི་རྒྱ་མཚོ་ལྟ་བུར་གྱུར་ཡོད་པ་རེད།

     པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།

     རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1