༄༅།། སྤྲེལ་འབྲུམ་ནད་དུག་ཅེས་པ་ཅི་ཡིན་ནམ། ང་ཚོས་འདི་ལ་འགོག་སྲུང་ཇི་ལྟར་བྱེད་དམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-25





         ཉེ་ཆར། དབྱིན་ཇི་དང་དབྱི་ཐ་ལི་སོགས་རྒྱལ་ཁབ་འགའ་ཡིས་སྤྲེལ་འབྲུམ(Monkeypox 猴痘)ནད་རྟགས་ཀྱི་གཏན་འཁེལ་ནད་པ་དང་དོགས་ཡོད་ནད་པ100ལས་བརྒལ་བ་བྱུང་ཚུལ་གྱི་སྙན་ཞུ་བསྟུད་མར་སྤེལ་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྱང“ད་ཡོད་ཆ་འཕྲིན་ལས་གསལ་བ་ལྟར་ན། ནད་རྟགས་ཡོད་པའི་ནད་པ་ལ་ཐུག་རེག་དམ་ཟབ་ཡོད་པའི་མི་ཚོགས་ཀྱི་ཁྲོད་དུ། མིའི་བར་འགོས་ཁྱབ་བྱུང་བཞིན་འདུག”ཅེས་བསྟན་པ་རེད། དེ་ན། སྤྲེལ་འབྲུམ་ནད་དུག་ཅེས་པ་འདི་དོན་ངོ་མར་ཅི་ཡིན་པ་དང་། ང་ཚོས་འདི་ལ་སྔོན་འགོག་བྱས་ཏེ་རང་ཉིད་ཇི་ལྟར་སྲུང་ངམ་ཞེ་ན།

 

པར་རིས་ཀྲུང་དབྱང་བརྙན་འཕྲིན་གྱི་ནོར་སྲིད་འཕྲིན་ལམ་ལས་དྲངས། 

 གཅིག སྤྲེལ་འབྲུམ་ནད་དུག་ཅེས་པ་ཅི་ཡིན་ནམ།

         ཐོག་མར། སྤྲེལ་འབྲུམ་ཞེས་པ་ནི་སྤྲེལ་འབྲུམ་ནད་དུག་འགོས་པ་ལས་བསྐྱེད་པའི་མི་ཕྱུགས་གཉིས་ལ་གནོད་པའི་ནད་ཅིག་ཡིན་པ་དང་། ནད་རྟགས་ནི་སྔོན་ཆད་བྱུང་བའི་ལྷ་འབྲུམ(天花)ནད་པའི་ནད་རྟགས་དང་འདྲ་ནའང་། དངོས་བཅོས་སྐབས་ཀྱི་ཚབས་ཆེའི་ཚད་རིམ་ནི་དེ་ལས་ཅུང་ཆུང་བ་རེད།

 སྤྲེལ་འབྲུམ་ནད་དུག་གི་འཁྲི་བདག་ནི་གཙོ་བོ་སོ་མི་བརྗེ་བའི་སྲོག་ཆགས་དང་བློ་ལྡན་སྲོག་ཆགས་རིགས་ཡིན་ཞིང་། 1958ལོར། ཚན་རིག་པས་ཐེངས་དང་པོར་ཚོད་ལྟ་ཁང་གི་སྤྲེའུ་ཡི་ཐོག་ནས་ནད་དུག་འདི་ཡོད་པ་ཤེས་རྟོགས་བྱུང་བར་མ་ཟད། མིང་ལའང་སྤྲེལ་འབྲུམ་ནད་དུག་ཅེས་བཏགས། ཡིན་ནའང་། རྒྱུད་དུ་ནད་དུག་འདི་ཡོད་པ་དང་ཁྱབ་སྤེལ་བྱེད་མཁན་ནི་ཙི་གུ་དང་ནགས་བྱི་སོགས་སོ་མི་བརྗེ་བའི་རིགས་ཀྱི་སྲོག་ཆགས་ཡིན།

 

པར་རིས་དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུས་ལས་དྲངས། 

 གཉིས། སྤྲེལ་འབྲུམ་ནད་དུག་འགོས་རྗེས་ནད་རྟགས་ཅི་འདྲ་ཡོད་དམ།

      སྤྲེལ་འབྲུམ་ནད་དུག་གི་བག་ཉལ་སྐབས་ལ་རྒྱུན་ལྡན་དུ་ཉིན6ནས16ཙམ་ཡོད། ནད་དུག་འགོས་པ་ལ་དུས་རིམ་གཉིས་སུ་དབྱེ་ཆོག་པ་སྟེ།

 ཀ ནད་འབྱུང་དུས་ཏེ། ཉིན་ལྔའི་ཡས་མས།

         ཚ་རྒྱས་པ་དང་མགོ་ལ་ན་ཟུག་དྲག་པོ་བྱུང་བ། རྨེན་མདུད་ཆེ་བ། སྐེད་པ་དང་ཤ་གནད་ན་བ། ངལ་དུབ་ཆེན་པོ་བྱུང་ནས་ཤུགས་མེད་པ་བཅས་འབྱུང་ཞིང་། ཆུ་ཐོར་དང་སིབ་བུ། ལྷ་འབྲུམ་བཅས་ཀྱི་ནད་རྟགས་དང་བསྡུར་ན། སྤྲེལ་འབྲུམ་གྱི་རྨེན་མདུད་ཆེ་བ་ནི་ཁྱད་ཆོས་མངོན་གསལ་ཞིག་ཡིན།  

 ཁ པགས་འབྲུམ་དུས་ཏེ། ཚ་རྒྱས་རྗེས་ཀྱི་ཉིན1ནས3ཙམ་གྱི་བར།

         པགས་འབྲུམ་ནི་ངོ་དང་རྐང་ལག་གི་ཐོག་ཏུ་མང་པོ་འབྱུང་ཞིང་། རྒྱུན་ལྡན་དུ95%ངོ་ལ་འབྱུང་བ་དང་། 75%ལག་པ་དང་རྐང་མཐིལ་ལ་འབྱུང་བ་ཡིན། ནད་འགྱུར་གྲངས་ཀ་ནི་ཁ་ཤས་ཙམ་ནས་སྟོང་ཕྲག་འགའ་ལ་འགྱུར་བ་སོགས་མི་འདྲ།

 

པར་རིས་ཧྥ་རན་སེའི་རྒྱལ་ཁབ་འགོ་ནད་ཞབས་ཕྱི་ལྟེ་གནས་ལས་དྲངས། 

 གསུམ། སྤྲེལ་འབྲུམ་ནད་དུག་འདི་ཇི་ལྟར་འགོས་ཁྱབ་བྱུང་བ་ཡིན་ནམ།

         སྲོག་ཆགས་ནས་མི་ལ་འགོ་བ་ནི་ནད་དུག་ཡོད་པའི་སྲོག་ཆགས་དེའི་ཁྲག་དང་ལུས་ཀྱི་གཤེར་ཁུ། པགས་པ། སྐྱོན་བྱུང་འབྱར་སྐྱི་ལ་ཐད་ཀར་ཐུག་རེག་བྱས་པ་ནས་འགོས་པར་མ་ཟད། ད་དུང་སྲོག་ཆགས་དེའི་ཤ་རིགས་ཚོས་མེད་པ་དང་སྲོག་ཆགས་གཞན་པའི་ཐོན་རྫས་རིགས་ཟོས་ན་ཡང་ནད་དུག་འདི་ཉིད་འགོ་བའི་ཉེན་ཁ་ཆེ་བ་ཡིན།

 མིའི་བར་འགོས་ཁྱབ་འབྱུང་བ་ནི་རྒྱུན་ལྡན་དུ་སྤྲེལ་འབྲུམ་ནད་དུག་འགོས་མཁན་གྱི་དབུགས་ལམ་ཟེགས་དངོས་དང་སྐྱི་མོའི་རྨ་ཁའམ་ཡང་ན་ནད་དུག་འགོས་པའི་དངོས་པོ་ལ་ཐུག་རེག་དམ་ཟབ་བྱས་པ་ལས་འགོས་པ་དང་། དབུགས་ལམ་ནས་བྱུང་བའི་མཆིལ་ཟེགས་ལས་འགོས་ཁྱབ་བྱེད་པ་ལ། རྒྱུན་ལྡན་དུ་དུས་ཡུན་རིང་པོར་ཁ་གཏད་དུ་བསྡད་པ་ཡིན་ན་ད་གཟོད་འགོ་ཐུབ་པ་ཡིན།

 གཞན་སྤྲེལ་འབྲུམ་ནད་དུག་འདི་མངལ་ནང་གི་བུ་རོགས་ལས་ཀྱང་ཨ་མ་ནས་ཕྲུ་གུ་ལ་འགོ་བ་དང་། དེ་ཡིས་ལྷན་སྐྱེས་རང་བཞིན་གྱི་སྤྲེལ་འབྲུམ་བསྐྱེད་པའམ་ཡང་ན་ཕྲུ་གུ་སྐྱེ་དུས་དང་སྐྱེས་རྗེས་ཀྱི་ཐུག་རེག་དམ་ཟབ་བྱུང་བའི་སྐབས་འགོ་བ་ཡིན།

 

པར་རིས་དྲ་བ་ལས་དྲངས། 

     བཞི། ང་ཚོས་སྤྲེལ་འབྲུམ་ནད་དུག་ལ་སྔོན་འགོག་ཇི་ལྟར་བྱེད་དམ།

         མིག་སྔར། སྤྲེལ་འབྲུམ་འདི་ལ་ཆེད་དམིགས་ཀྱི་གསོ་བཅོས་སྨན་རྫས་སམ་ཡང་ན་སྤྲེལ་འབྲུམ་ནད་དུག་ལ་དམིགས་ནས་བཟོས་པའི་འགོག་སྨན་མེད་པ་དང་། དངོས་བཅོས་སྐབས་སུ་གཙོ་བོ་ནི་ནད་རྟགས་ལ་གཞིགས་ནས་སྨན་བཅོས་བྱེད་པ་ཡིན།

 ད་ཡོད་ཆ་འཕྲིན་ལས་ར་སྤྲོད་བྱས་པ་ལྟར་ན། ལྷ་འབྲུམ་འགོག་སྨན(天花疫苗)བརྒྱབ་ན་སྤྲེལ་འབྲུམ་འགོ་བ་ལ་སྔོན་འགོག་བྱེད་ཐུབ་པར་མ་ཟད། ད་དུང་ནད་དུག་དེ་ཉིད་འགོས་རྗེས་ཀྱི་དངོས་བཅོས་ནད་རྟགས་ཀྱང་ཚབས་ཆེན་པོ་མིན་པ་དང་། ལྷ་འབྲུམ་འགོག་སྨན་བརྒྱབ་མྱོང་བའི་མི་ལ་སྤྲེལ་འབྲུམ་འགོ་བའི་ཉེན་ཁ་ནི་འགོག་སྨན་དེ་བརྒྱབ་མེད་པའི་མི་དང་བསྡུར་ན་ལྡབ5ཡིས་ཆུང་བ་རེད།

 གང་ལྟར། སྤྲེལ་འབྲུམ་ནད་དུག་འདི་འགོ་བ་ལ་སྔོན་འགོག་བྱེད་ཐབས་ལེགས་ཤོས་ནི་ནད་དུག་དེ་ཉིད་འགོས་ཡོད་པའི་སྲོག་ཆགས་དང་དེའི་རིགས་ཀྱི་ཐོན་རྫས་ལ་ཐུག་རེག་མི་བྱེད་པར་མ་ཟད། ད་དུང་རྔོན་ཤ་མི་ཟ་བའམ་ཡང་ན་དེའི་རིགས་ལ་ཐུག་རེག་ཀྱང་མི་བྱེད་པ་ཡིན།

  གལ་ཏེ། སྤྲེལ་འབྲུམ་འགོས་པ་ཡིན་ན། འཕྲལ་མར་ལོགས་བཀར་བྱས་ཏེ་མིའི་བར་འགོས་ཁྱབ་འབྱུང་བ་ལ་བཀག་འགོག་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1