གྲོང་ཚོ་ཁྲི་49.1གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཧུར་ཐག་བཏང་བ།
▶ གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་ཡུན་ལོ་3ནས་ལོ་5བར་ལ་བསྒྱུར་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་གཅིག་སྡུད་ཐོག་སྒྲུབ་པ། རྫོང་དང་ཤང་གི་སྐབས་བརྗེ་བའི་ལས་དོན་དུས་གཅིག་ཏུ་སྤེལ་བ་བཅས་བྱས་རྗེས་ཀྱི་སྐབས་བརྗེ་ཐེངས་དང་པོ་དེ་རེད།
▶ ས་གནས་ཁག་གི་གྲོང་ཚོའི་ཚན་ཁག་གིས་ལས་གནས་ཐོག་གི་ལས་ཀ་དང་པོ་དེ་ཡག་པོ་བསྒྲུབས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
▶ སྐབས་མ་བརྗེས་གོང་རྒྱལ་ཡོངས་སུ་ཡོངས་ཁྱབ་ངང་གྲལ་བཤེར་དང་། དག་ཐེར། སྐུལ་སློང་བཅས“སྔོན་བསྟར་གསུམ”བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཁྲི་3.6གཅིག་སྡུད་ཐོག་དག་ཐེར་བྱས་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་བྱས་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཧྲན་ཏུང་ཞིང་ཆེན་ཁྲེང་ཝུའུ་རྫོང་དབུན་ཧྲང་ཅི་གྲོང་རྡལ་ཁྲེན་ཀྲུའུ་ལོའུ་གྲོང་ཚོའི་གྲོང་མི་ཚོའི་སེམས་ནང་དུས་ཚོད་འགྲོ་མགྱོགས་སུ་ཕྱིན་པའི་ཚོར་སྣང་ཞིག་བྱུང་བ་སྟེ། གྲོང་ཚོའི་ཚན་ཁག་གསར་པས་འགན་ཁུར་ནས་ཟླ་བ་གཉིས་ལས་མ་སོང་བར་ཆུ་ཡུར་བཤངས་པ་དང་། ཐོན་སྐྱེད་ལམ་བུ་ཡངས་སུ་བཏང་བ། ཆུ་དྭངས་གསིང་འཕྲུལ་ཆས་གསར་སྒྲིག་བྱས་པ། རིག་གནས་ཐང་ཆེན་གསར་དུ་སྐྲུན་པ་སོགས“དམངས་འཚོའི་བྱ་བ་དངོས་བཅུ”ཚང་མ་མང་ཚོགས་ཀྱི་འདུན་པ་དང་མཐུན་ཡོད། གྲོང་ཚོའི་ཏང་ཀྲི་པུས་སྐབས་དེ་དང་བསྟུན་ནས་མཉམ་ལས་ཁང་སྒྲུབ་གཉེར་བྱས་ཏེ་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་བྱེད་འགོ་བརྩམས་ནས་དེ་སྔ་ཁུ་སིམ་པའི་གྲོང་ཚོ་ཆུང་ཆུང་དེར་ཚ་ཚ་འུར་འུར་ངང་ལས་ལ་བརྩོན་པའི་རྣམ་པ་ཞིག་མངོན་ཡོད།
གསར་འགོད་པས་ཀྲུང་དབྱང་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོའི་ཟླ་10པ་ནས་བཟུང་རྒྱལ་ཡོངས་ཀྱི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་དང་། གྲོང་ཚོ་ཁྲི་49.1གི་ཚན་ཁག་གསར་རྙིང་བརྗེ་བའི་ལས་དོན་ལེགས་གྲུབ་ཀྱང་ཟིན་ཡོད། དེ་ནི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགན་ཡུན་ལོ་3ནས་ལོ་5བར་ལ་བསྒྱུར་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་གཅིག་སྡུད་ཐོག་སྒྲུབ་པ། རྫོང་དང་ཤང་གི་སྐབས་བརྗེ་བའི་ལས་དོན་དུས་གཅིག་ཏུ་སྤེལ་བ་བཅས་བྱས་རྗེས་ཀྱི་སྐབས་བརྗེ་ཐེངས་དང་པོ་དེ་རེད།
དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་ད་ཐེངས་ཀྱི་སྐབས་བརྗེའི་ལས་དོན་ལ་རྣམ་པ་གསར་པ་ཞིག་མངོན་ཡོད། ས་གནས་ཁག་གི་གྲོང་ཚོའི་ཚན་ཁག་གིས་ལས་གནས་ཐོག་གི་ལས་ཀ་དང་པོ་དེ་ཡག་པོ་བསྒྲུབས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཁོང་ཚོས་ཁྱིམ་ཚང་ཚང་མར་བསྐྱོད་དེ་དགོས་མཁོར་གཞིགས་ནས་ཐབས་ཤེས་འཚོལ་བ་དང་། ལམ་དུམ་ཞིག་ཉམས་བཟོ་དང་། ཟམ་པ་གཅིག་རྒྱག་པ། ལོ་མང་སོང་བའི་རྩོད་གཞི་ཞིག་འདུམ་པ། དམངས་ཕྱུག་རྣམ་གྲངས་གཅིག་ནང་འདྲེན་བྱེད་པ་སོགས་གྲོང་གསེབ་ཏུ་ལས་སྒྲུབ་ཀྱི་ཚ་རླབས་འཕྱུར་ནས་གང་ས་གང་དུ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད།
ལས་ཀ་ཡག་པོ་བསྒྲུབ་པར་ཐོག་མར་གདམ་ག་ཡག་པོ་བྱེད་དགོས། ད་ཐེངས་ཀྱི་སྐབས་བརྗེའི་ནང་འཕེལ་རྒྱས་ལ་རྒྱུས་མངའ་ཡོད་པ་དང་། བཅོས་སྐྱོང་བྱེད་མཁས་པ། ངར་ཤུགས་ཡོད་པ། ལས་ཀ་བྱེད་ཤེས་པ། མང་ཚོགས་ཀྱིས་ཁས་ལེན་པ་བཅས་ཀྱི་ཕུལ་བྱུང་མི་སྣ་འབོར་ཆེན་ཞིག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིར་གྱུར་ནས་གྲོང་ཚོའི་ཚན་ཁག་གི་གྲུབ་ཆ་དང་ལྷག་པར་དུ་སྣེ་ཁྲིད་པའི་དཔུང་ཁག་སྤྱི་ཡོངས་ནས་ལེགས་སུ་ཕྱིན་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ཁྲོད་མཐོ་རིམ་སློབ་འབྲིང(འབྲིང་རིམ་ཆེད་ལས)ཡན་གྱི་སློབ་རྒྱུས་ཡོད་པ་74%ཟིན་ནས་བརྒྱ་ཆའི་གྲངས་16.7འཕར་བ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁྲོད་ཆེད་ཚན་སློབ་ཆེན་ཡན་གྱི་སློབ་རྒྱུས་ཡོད་པ་46.4%ཟིན་ནས་བརྒྱ་ཆའི་གྲངས་19.9འཕར་བ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁྲོད་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བ་73.6%ཟིན་ནས་བརྒྱ་ཆའི་གྲངས་23.6འཕར་བ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ཆ་སྙོམས་ལོ་ཚད་42.5ཟིན་ནས་ལོ་5.9ཆག་པ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཆ་སྙོམས་ལོ་ཚད་45.4ཟིན་ནས་ལོ་3.9ཆག་ཡོད།
ས་གནས་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སྐབས་བརྗེའི་ལས་དོན་དེ་གྲོང་གསེབ་ཀྱི་གཞི་རིམ་དུ་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་བརྒྱུད་རིམ་ཞིག་ཏུ་གྱུར་ནས་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། སྐབས་མ་བརྗེས་གོང་རྒྱལ་ཡོངས་སུ་ཡོངས་ཁྱབ་ངང་གྲལ་བཤེར་དང་། དག་ཐེར། སྐུལ་སློང་བཅས“སྔོན་བསྟར་གསུམ”བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་ཁྲི་3.6གཅིག་སྡུད་ཐོག་དག་ཐེར་བྱས་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་བྱས་ཡོད། འདེམས་བསྐོ་བྱེད་སྐབས་ཏང་ཡོན་དང་མང་ཚོགས་འདེམས་བསྐོའི་ནང་ཞུགས་ཚད་92.7%དང་90.2%སོ་སོར་ཟིན་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་དང་གྲོང་ཚོ་ཨུ་ལྷན་ཐེངས་གཅིག་ལ་བདམས་ཐོན་བྱུང་ཚད་99.7%དང་98.3%སོ་སོར་ཟིན་པ། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ལས་འགན“མི་གཅིག་གིས་འཁུར་བའི”བསྡུར་གྲངས་95.6%ཟིན་པ་དེ་སྐབས་མ་བརྗེས་གོང་ལས་བརྒྱ་ཆའི་གྲངས་29.5འཕར་ཡོད། དེ་དང་ཆབས་ཅིག་ས་གནས་ཁག་གིས་སྐབས་བརྗེ་དང་འབྲེལ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཚད་དེ་སྐབས་གོང་མ་ལས་65.4%ཆག་པ་དང་ཡིག་འབུལ་ཞུ་བཅར་བྱེད་ཚད་62.1%ཆག་ཡོད།
ལས་བྱེད་པ་དང་མང་ཚོགས་ཀྱིས་ད་ཐེངས་ཀྱི་སྐབས་བརྗེའི་ལས་དོན་གྱི་བླང་བྱ་ནན་པ་དང་། ཤུགས་ཚད་ཆེ་བ། དར་སྲོལ་བཟང་བ། ཕན་འབྲས་ལེགས་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མཚོན་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་ཡང་བྱས་ཡོད་ཅེས་ཡོངས་ཁྱབ་ངང་བརྗོད་ཀྱི་ཡོད།