གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2018ལོར་ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་མགོ་ཚུགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་ཚོགས་ཉེས་གསོག་པ་ཡིན་ཚེ་གཅིག་ཀྱང་མི་ལུས་པ་བྱེད་པ་དང་ནག་ཚོགས་ཉེས་གསོག་པ་མིན་ཚེ་གཅིག་ཀྱང་གྲངས་གསོག་མི་བྱེད་པའི་སྤུས་ཚད་དང་ཚད་གཞི་ལྟར་ནག་སེལ་ངན་འཇོམ་གྱི་ལས་དོན་བསྒྲུབས་ཏེ་ཁྱོན་ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་གྱོད་གཞི་ཁག37དང་མི250ལ་ཞིབ་གཅོད་བྱས་ཤིང་། དེའི་ཁྲོད་དུ་ནག་ཚོགས་དང་འབྲེལ་བའི་གྱོད་གཞི1དང་མི12ཡོད་ལ། སྤྱོད་ངན་ཉེས་གསོག་དང་འབྲེལ་བའི་གྱོད་གཞི་ཁག36དང་མི238ཡོད་པ་ཚང་མར་ཞིབ་གཅོད་བྱས་ཡོད། ཞིབ་དཔྱོད་བརྒྱུད་རིམ་ནང་མི་དམངས་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ནས་སྒོ་རྒྱག་རྒྱུ་དང་། བཙན་ཉར། སྤྱོད་མཚམས་འཇོག་པ། བདའ་འདེད་བྱེད་དགོས་ངེས་ཀྱི་ནག་ཚོགས་སྤྱོད་ངན་གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་ཁྲི174.1ཟིན་གྱི་ཡོད་པས། ནག་ཚོགས་སྤྱོད་ངན་གྱི་དཔལ་འབྱོར་རྨང་གཞི་ནུས་ལྡན་གྱིས་བཀག་སྡོམ་བྱས་ཡོད་པ་རེད།
ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་མགོ་ཚུགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གིས༼བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སེལ་ངན་འཇོམ་ལས་དོན་རྒྱུན་རྣམ་གྱིས་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར༽བཟོས་ནས་ལས་དོན་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་པ་དང་། ༼ནག་ཚོགས་དང་འབྲེལ་བའི་གྱོད་དོན་དང་ཚབས་ཆེན་གྱོད་དོན་གཅིག་གྱུར་ངང་གཟབ་ནན་གྱིས་དམ་འཛིན་བྱེད་པའི་ལམ་ལུགས་༽དོན་འཁྱོལ་ནན་མོ་བྱས་ཤིང་། གྱོད་གཞི་རེ་ལ་བཀོད་འདོམས་པ་རེ་དང་གྱོད་གཞི་རེ་ལ་མཛུབ་སྟོན་ཡོད་པའི་རྣམ་པ་བརྒྱུད་དེ་གྱོད་དོན་སོ་སོར་མཛུབ་སྟོན་གཏིང་ཟབ་བྱས།
༼བོད་རང་སྐྱོང་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྔོན་ལ་སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་གྱོད་གཞི་ཆེ་གྲས་ཐག་གཅོད་པའི་ལས་དོན་གཏན་འབེབས་ཚོད་ལྟའི་ལག་བསྟར༽པར་འགྲེམས་བྱས་པ་དང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་ཚོགས་དང་ཉེས་གསོག་གྱོད་གཞི་དང་འབྲེལ་བའི་གྱོད་གཞི་ཁག28དུས་ཚོད་སྔ་སྣུར་གྱིས་ནང་ཞུགས་བྱེད་ཚད་ཀྱིས75.7%བཟུང་ཡོད། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་ཏེ་དྲིལ་བསྒྲགས་ལས་དོན་ནག་སེལ་ངན་འཇོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུར་རྒྱུན་འཁྱོངས་བྱས་ནས། ཕྱོགས་བསྡུས་རང་བཞིན་གྱི་ཆེད་དོན་དྲིལ་བསྒྲགས་ཐེངས1285སྤེལ་ཅིང་དྲིལ་བསྒྲགས་ཆ་འཕྲིན་ཁྲི20ལྷག་བཀྲམ་ཡོད། དབུལ་བྲལ་འགག་སྒྲོལ་དང་གྲོང་ཚོར་བཅའ་སྡོད་ལས་དོན་དང་བཟུང་སྦྲེལ་བྱས་ཏེ་གྲོང་ཚོ་ཁག་922སུ་ཟབ་སྐྱོད་བྱས་ནས་དྲིལ་བསྒྲགས་དཔྱད་ཡིག་ཁྲི12ལྷག་ཙམ་ཞིང་འབྲོག་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད་པ་རེད།