སྡོད་ཁང་གསར་པར་སྤོས། བདེ་སྐྱིད་འཚོ་བར་རོལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-27


 

འདི་ནི་ཟླ་1ཚེས་25ཉིན་ལན་ཀྲོའུ་ཁུལ་གསར་གྱི་འབྲུག་ཆུའི་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་མང་ཚོགས་ཀྱིས་རང་ཁྱིམ་དུ་ལོ་གསར་གཏོང་བཞིན་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཙེ་ཤོན་དང་མཱ་ཧྲ།

    ལོ་29ལ་སླེབས་པའི་དབྱང་ཐེའོ་ཉུས་ལ་གོ་གནས་གསར་པ་ཞིག་ཡོད་པ་སྟེ། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་ཁུལ་གསར་ནུབ་མདོ་གྲོང་རྡལ་ཤིན་ཁང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རེད། ཁོང་གི་བྲེལ་བ་ཆེ་ཤོས་ཀྱི་ལས་ཀ་ནི་གནས་སྤོས“ཡུལ་མིར”ཤིན་ཁང་གྲོང་ཚོའི“འཚོ་བ་གསར་པའི”སྐོར་འགྲེལ་བཤད་རྒྱག་རྒྱུ་དེ་རེད།

    ཀན་སུའུ་ཞིང་ཆེན་ལ་ས་གཤིས་ཀྱི་གནོད་འཚེ་ཐོན་མང་པོ་ཡོད། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་ནི་རྒྱལ་ཡོངས་སུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་མང་བའི་ས་ཁུལ་གྲས་ཤིག་རེད། གནས་བཟོད་མི་བདེ་བའི་རྐྱེན་ངན་དེས་ས་གཤིས་ཀྱི་གནོད་འཚེའི་མངོན་མེད་རྐྱེན་ངན་ཡང་སེ་ཐོན་སར་འཚོ་བའི་ཁོང་དང་ཕ་ཡུལ་གཅིག་པའི་མང་ཚོགས་ཁྲི་ཕྲག་མང་པོར་རྟག་ཏུ་སེམས་ཁྲལ་བཟོ་གི་ཡོད། ཁོང་གིས“གསོག་དངུལ་ཕལ་མོ་ཆེ་ཁང་པ་ཉམས་བཟོ་བྱེད་པར་བཏང་ནའང་ལོ་ལྟར་གཏོར་སྐྱོན་ཕོག་སྟབས་སེམས་ཤུགས་ཀྱང་ཉམས་ཀྱི་འདུག”ཅེས་བཤད།

    གསར་འགོད་པས་ཀན་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱས་པར། 2021ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱིས་ས་གཤིས་ཀྱི་གནོད་འཚེ་ལས་གཡོལ་བའི་གནས་སྤོའི་ལས་གྲྭ་ལག་ལེན་བསྟར་འགོ་བཙུགས་ཏེ། འབྱུང་རྩ་ནས་མང་ཚོགས་ལ་རང་བྱུང་གནོད་འཚེའི་ཉེན་ཁ་མི་ཕོག་པ་བྱས་པར་བརྟེན་གེགས་བར་ལས་གཡོལ་ཐུབ་པ་དང་། གནོད་འཚེ་ཉུང་དུ་ཕྱིན་པ། དམངས་འཚོ་ལེགས་སུ་སོང་བ། སྐྱེ་ཁམས་སླར་གསོ་བྱུང་བ་སོགས་ཀྱི་ཕན་པ་མང་པོ་ཐོབ་ཡོད། མི་རབས་ནས་མི་རབས་བར་ས་གཤིས་ཀྱི་གནོད་འཚེའི་མངོན་མེད་རྐྱེན་ངན་ཡོད་སར་འཚོ་བ་སྐྱེལ་བའི་འབྲུག་ཆུ་རྫོང་གི་མང་ཚོགས་མང་པོ་རི་ཁྲོད་དང་ལུང་ཁུག་ནས་བྲལ་ཏེ། ཐང་བདེ་མོ་དང་ཡངས་པའི་ཞིང་ཐང་གིས་ཁེངས་པའི་ས་ཆར་སྤོས་སྟབས་ཁོང་ཚོ་ལས་གྲྭ་དེའི་ཕན་པ་ཐོབ་མཁན་སྔ་ཤོས་སུ་གྱུར།

    ཆིན་ཝང་ཁྲོན་དུ་གནས་པའི་ལན་ཀྲོའུ་ཁུལ་གསར་ནི་ནུབ་བྱང་གི་རྒྱལ་ཁབ་རིམ་པའི་ཁུལ་གསར་ཐོག་མ་རེད་ལ། ཀན་སུའུ་ཞིང་ཆེན་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་ཡུལ་གཞན་དུ་གནས་སྤོས་དང་སྐྱེ་ཁམས་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་གཙོ་བོ་ཞིག་ཀྱང་རེད། དབྱང་ཐེའོ་ཉུས་ཀྱི་ཁྱིམ་ལ་ནང་མི་5ཡོད་པས་སྡོད་ཁང་གསར་པ་སྨི་ངོས་གྲུ་96ཡོད་པ་ཞིག་བགོ་བཤའ་རག་ཅིང་། སྡོད་ཁང་དེ་ནི་གུ་ཡངས་ཤིང་དཀར་ཆ་དོད་ལ། ཉལ་ཁང་གསུམ་དང་ཚོམས་ཆེན་གཅིག་ཡོད་པ་མ་ཟད། ཆུ་གློག་དྲོད་རླངས་སོགས་ཆ་ཚང་པོ་ཡོད། ཁོང་གིས“ད་གཞི་ནས་གཉིད་སྐྱིད་པོ་ཞིག་ཁུག་པ་འདུག”ཅེས་བཤད།

   ཉེ་བའི་ལོ་ཤས་རིང་། ལན་ཀྲོའུ་ཁུལ་གསར་གྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་སོང་ནས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བས། གནས་སྤོས་མང་ཚོགས་ལ་བདེ་སྡོད་ལས་བརྩོན་གྱི་རེ་བ་གསར་པ་སྦྱིན།

    ལོ་26ལ་སླེབས་པའི་ལིའུ་ཧྥ་ཧུང་སྔ་ས་ནས་ཕ་ཡུལ་འབྲུག་ཆུ་ནས་བྲལ་ཏེ་ཐག་རིང་ཀོང་ཏུང་ལ་གླ་པར་བསྐྱོད་པ་དང་། གཅིག་པུར་ཕྱིར་འཚོ་བ་སྐྱེལ་རྒྱུ་ནི་དཀའ་ཚེགས་ཆེ་བ་ཞིག་རེད། ན་ནིང་ཟླ་དགུ་པར་ཡུལ་མི་ཚོ་ལན་ཀྲོའུ་ཁུལ་གསར་ལ་སྤོ་རྒྱུ་ཡིན་པ་ཐོས་རྗེས། ཁོང་ལ་ཕ་ཡུལ་ལ་ལོག་སྟེ་ལས་གཏོད་བྱ་རྒྱུའི་བསམ་བློ་འཁོར།

    ན་ནིང་དགུན་ཁར། ལིའུ་ཧྥ་ཧུང་གིས་ལན་ཀྲོའུ་ཡི་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་ནས་རླངས་འཁོར་ལ་ཆུ་ཚོད་ཕྱེད་ཀ་ཙམ་བསྡད་མཐར་ཁྱིམ་ལ་འབྱོར་བ་དང་། རོགས་སྐྱོར་ལས་བྱེད་པའི་རོགས་རམ་འོག ཁོང་གི་ཁྱིམ་ཆས་ཚོང་ཁང་དེ་ཤིན་ཁང་གྲོང་ཚོར་བདེ་བླག་ངང་སྒོ་ཕྱེ་ཞིང་། མ་གཞི་ཚོང་ཁང་རྒྱ་ཆེན་པོ་མེད་ཀྱང་། དེར་འབོལ་ཁྲི་དང་། གོས་སྒམ། འཁྱགས་སྒམ། བརྙན་འཕྲིན་སོགས་ཀྱི་ཁྱིམ་ཆས་ཚང་མ་འཛོམས་ཡོད།

   “ལན་ཀྲོའུ་ཁུལ་གསར་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། ཤིན་ཁང་གྲོང་ཚོར་ཁང་པ་མཛེས་བཟོ་བྱེད་མཁན་མང་བའི་དུས་ཡིན་པས། ད་ཆ་ང་ཚོར་ཟླ་རེར་ཁེ་སྤོགས་སྒོར་ཁྲི་2ལྷག་ཙམ་ཡོང་གི་འདུག དང་ཐོག་ཁྱིམ་ཆས་དང་གློག་ཆས་རྐྱང་རྐྱང་འཚོང་བ་ནས་ད་ཆ་ཁང་པ་མཛེས་བཟོ་བྱེད་ཀྱི་ཡོད”ཅེས་ལིའུ་ཧྥ་ཧུང་གིས་བཤད་པ་དང་། ཁོང་གིས་ཕྱིས་འབྱུང་ལས་སྒོ་དང་ཚོང་ཁང་མུ་མཐུད་རྒྱ་ཆེ་རུ་གཏོང་ཐུབ་པའི་རེ་བ་འཆང་བཞིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1