ཅང་ཤེས་རྟ་ཕོ་ལྕག་གིས་སྐུལ། དབྱར་སྐྱིད་འོང་སྐོར་འཁྲུག་ཆ་དོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-16


 

     ཟླ་7པའི་ཟླ་མཇུག་ནས་ཟླ་8པའི་ཟླ་འགོའི་བར་ནི་བོད་ཀྱི་ས་གནས་ཁག་ཏུ་ལོ་ལེགས་བྱུང་བའི་དུས་ཚིགས་ཡིན་པ་དང་། ས་གནས་ཁག་གིས་ནས་སྨིན་རྗེས་དང་བརྔ་བསྡུ་མ་བྱས་གོང་གི་ཉིན་གཉིས་གསུམ་རིང་འོང་སྐོར་གཏོང་གི་ཡོད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོས་འོང་སྐོར་གྱི་སྲོལ་རྒྱུན་མཛད་སྒོ་ད་བར་དུ་རྒྱུན་འཁྱོངས་ཡག་པོ་བྱས་པ་མ་ཟད། ལོ་མང་རིང་འོང་སྐོར་གྱི་བྱེད་སྒོ་སྣ་ཚོགས་བསྟུད་མར་སྤེལ་བ་རེད། 

  

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོས་ལོ་གཅིག་དུས་གཅིག་གི་འོང་སྐོར་གཏོང་འགོ་ཚུགས་ཤིང་། དེའི་རིང་གྲོང་མི་རྣམས་མཉམ་དུ་འཛོམས་ནས་འོང་སྐོར་དགའ་གཏོང་བྱས་ནས། ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུས་པ་རེད།

    ད་ལོའི་འོང་སྐོར་ལ་སྲོལ་རྒྱུན་གྱི་རྟ་རྒྱུག་དང་། མདའ་འཕེན། ལྷ་མོ་འཁྲབ་པ་སོགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཡོད། ཉིན་དེར་ཆུ་ཤུར་རྫོང་ཚ་རགས་གྲོང་ཚོའི་ཡུལ་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཤིང་། ཞོགས་པ་སྔ་པོ་ནས་ཆང་དང་ཇ་སོགས་འཁྱེར་ཏེ་གླུ་ལེན་གར་འཁྲབ་བྱས་ནས་དུས་ཆེན་ལ་རོལ།

     གྲོང་ཚོ་ཁག་ནས་ཡོང་བའི་རྟ་པ་ཚོའི་བདེ་ལྕག་འཁྱུག་པའི་རྟ་རྩལ་དང་འགྲན་བསྡུར་འཁྲུག་པོར་ལྟད་མོ་བ་ཚོའི་དགའ་བསུ་ཡང་ཡང་ཐོབ། 

  

     ཉིན་དེའི་སྔ་དྲོའི་ཆུ་ཚོད་11ལ། ཚ་རགས་གྲོང་ཚོའི་འོང་སྐོར་གྱི་རྟ་རྒྱུག་དངོས་སུ་འགོ་ཚུགས་ཤིང་། རྟ་པ་ཚོས་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པ་དང་། སྒལ་པར་མདའ་གཞུ་འཁུར་ཞིང་རྒྱན་ཆས་རབ་ཏུ་བརྒྱན་པའི་རྟ་བཞོན་ཏེ་སྨི་4000གི་རྟ་རྒྱུག་དང་། ཁ་བཏགས་སྒྲུག་པ། མདའ་འཕེན་པ། རྟ་རྩལ་འགྲན་པ་སོགས་ཀྱི་ངོ་མཚར་ཆེ་བའི་འགྲན་བསྡུར་བྱས། ཡུལ་དངོས་སུ་ལྟད་མོ་བས“ཤུགས་རྒྱོབ”ཅེས་འབོད་པ་དང་། བདམས་ཐོན་པ་ཚོས་ཚ་ཚ་འུར་འུར་ངང་འགྲན་བསྡུར་བྱས་པ་རེད། 

  

    མཐར་འགྲན་བསྡུར་མང་པོའི་ཁྲོད་ནས་ལྷ་དགའི་ཁྱིམ་གྱི་རྟ་གཟེངས་སུ་ཐོན་ཏེ་འདི་ལོའི་རྟ་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཨང་དང་པོ་ཐོབ་མཁན་གྱི་རྟ་ཕོར་ཁ་བཏགས་གཡོགས་པ་མ་ཟད་རྟ་པར་རྟེན་འབྲེལ་ཞུས་པ་རེད།

    འགྲན་བསྡུར་མཇུག་འགྲིལ་རྗེས་ཚ་རགས་གྲོང་ཚོས་ད་དུང་ཨང་རིམ་མདུན་དུ་སླེབས་པའི་རྟ་པ་ཚོར་བྱ་དགའ་སྤྲད་པ་དང་ཆབས་ཅིག ཁོང་ཚོར་མུ་མཐུད་འབད་བརྩོན་བྱས་ནས་ཚ་རགས་གྲོང་ཚོའི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་དགོས་པའི་སྐུལ་ལྕག་ཀྱང་བྱས། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1