རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་བྱེད་ཐབས་ལེགས་སྒྲིག་བྱེད་པའི་སྐོར་གྱི་ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་སྤྱི་བསྒྲགས།
(2022) ཨང139པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བའི་བྱེད་ཐབས་ཉི་ཤུ་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས། ད་ལྟ་ལྷ་ས་གྲོང་ཁྱེར་གྱི་རིམས་འགོག་བྱེད་ཐབས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
1.སྤྱི་ཚོགས་ངོས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་འདོད་ཡོད་མཁན་ལ་བརྟག་དཔྱད་བྱེད་པ་དང་། རིན་པ་སྤྲོད་མི་དགོས་པའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཞབས་འདེགས་མུ་མཐུད་ཞུ་རྒྱུ་མ་ཟད། ཉིང་སྐྱུར་བརྟག་དཔྱད་བྱེད་སའི་ཁྱབ་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་མང་ཚོགས་ཀྱི་དགོས་མཁོ་དང་རིམས་འགོག་ལས་དོན་གྱི་དགོས་མཁོ་སྐོང་བར་སྟབས་བདེ་སྐྲུན་རྒྱུ་དང་། མྱུར་སྐྱེལ་དང་། མངག་སྐྱེལ། མྱུར་བཟོ། བདེ་སྲུང་། གཙང་སྦྲ། བཟའ་བཏུང་ཞབས་ཞུ། མགྲོན་ཁང་གི་ཞབས་ཞུ། མཛེས་བཟོ་དང་ཅ་དངོས་འདོན་འཇུག་གི་ཞབས་ཞུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུ། སྒོ་རྩིས་ཚོང་ཁང་དང་ཚོང་འདུས་ཁྲོམ་ར་བཅས་ཀྱི་ལས་དོན་པ་ཡིན་ཕྱིན། ངེས་པར་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། ལས་ཁུངས་གལ་ཆེན་དང་བྱེད་སྒོ་གལ་ཆེན་གྱིས་དགོས་མཁོར་གཞིགས་ནས། ཉིང་སྐྱུར་བརྟག་དཔྱད་ཀྱི་བྱེད་ཐབས་གཏན་འཁེལ་བྱེད་དགོས།
2.རྒན་གསོ་ཁང་དང་། ཕན་བདེ་ཁང་། སྨན་ཁང་། སློབ་གྲྭ་སོགས་དམིགས་བསལ་གྱི་ས་ཆར་སྐྱོད་སྐབས། ཚ་བ་ལྟ་བ་དང་། གནས་ཡུལ་བཤེར་རྟགས་བཤེར་བ། བདེ་ཐང་ཨང་རྟགས་སྟོན་པ། ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་འདོན་པ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས། སྨན་བཅོས་སྒྲིག་གཞི་ཁག་གིས་ནད་ཚབས་ལྕི་བའི་ནད་པར་ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་འདོན་རྒྱུ་མེད་རུང་རྒྱུ་མཚན་མི་གླེང་བར་སྨན་ཁང་ལ་ཉར་དགོས།
3.སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ལ་སྡོད་པ་དང་། ཁུལ་ཆུང་དང་སྒོ་ར་ཁག་དང་སྤྱི་གླིང་སོགས་སྤྱི་པའི་འདུ་གནས་ཁག་ཏུ་སྐྱོད་སྐབས། གནས་ཡུལ་ཨང་རྟགས་བཤེར་བ་ལས་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་འདོན་དགོས་མེད།
4.སྨན་རྫས་ཚོང་ཁང་ནས་ཚ་བ་གཅོག་སྨན་དང་། ནད་དུག་འགོག་སྨན། ཕྲ་སྲིན་འགོག་སྨན། གློ་འཇོམས་ཆམ་སྨན་སོགས་ཉོ་སྐབས་མིང་ངོ་མ་འགོད་པའི་འགྲོ་ལུགས་གཉེར་དགོས་མེད་ལ། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཀྱི་དཔང་ཡིག་ཀྱང་འདོན་དགོས་མེད།
5.ཆ་རྐྱེན་དང་མཐུན་པའི་མང་ཚོགས་དང་། ལྷག་པར་དུ་ལོ་60ཡན་ལ་སླེབས་པའི་མི་ཚོགས་ཀྱིས་གང་མགྱོགས་རང་འགུལ་ངང་སྔོན་འགོག་ཁབ་ཚང་མ་རྒྱག་པ་དང་སྦྲགས། རང་ལུས་ཀྱི་འགོག་སྲུང་ནུས་པ་ཆེ་རུ་བཏང་ནས། མི་ཚོགས་ཀྱི་ནད་འགོག་སྲུང་བཅད་བརྟན་དུ་གཏོང་དགོས།
6.རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་མུ་མཐུད་ནས་ཁ་རས་ཡག་པོ་རྒྱག་པ་དང་། ཕན་ཚུན་དབར་བར་ཐག་འཇོག་པ། ལག་པའི་གཙང་སྦྲར་དོ་སྣང་བྱེད་པ་སོགས་རང་ངོས་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས། སོ་སོའི་བདེ་ཐང་གི་འགན་སོ་སོས་ཨང་དང་པོ་ཁུར་དགོས།
ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།
2022ལོའི་ཟླ་12པའི་ཚེས་6ཉིན།