མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ལ“གཙག་དྲུབ་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན། སྲོལ་རྒྱུན་གཙག་དྲུབ་བརྩམས་ཆོས་ལ་གཙོ་བོ་ཐང་ག་དང་མི་རིགས་གྱོན་གོས་ཀྱི་རྒྱན་ཆས་གཙོ་བོར་འཛིན་པ་དང་། དེས་མཚོ་བོད་མཐོ་སྒང་གི་བརྗིད་ཉམས་ལྡན་པའི་རྨོ་འདེབས་དཔལ་ཡོན་དང་ཡུན་རིང་གི་ལོ་རྒྱུས་རིག་གནས་གཞི་རྟེན་དུ་བྱས་ཡོད། ཉེ་བའི་ལོ་འགའི་རིང་། ས་གནས་ཀྱིས་གཙག་དྲུབ་ཐོན་ལས་ལ་ཤུགས་ཆེན་པོ་བརྒྱབ་ནས་མཚོ་བོད་མཐོ་སྒང་དུ་ཁྱད་དུ་ཡོད་པའི་སྲོག་ཆགས་དང་། རང་བྱུང་ཁོར་ཡུག ཡུལ་སྲོལ་གོམས་གཤིས་སོགས་ཀྱི་རྒྱུ་ཆ་སྣ་མང་བསྣན་པས། སྔར་ལས་ལྷག་པའི་སྒོ་ནས་སྒྱུ་རྩལ་ལྟ་གཟིགས་དང་ཉར་ཚགས་རིན་ཐང་ཕུན་ཚོགས་སུ་བཏང་བས། གནའ་བོའི་ཐོན་ལས་ཀྱིས་གསོན་ཤུགས་གསར་བ་འདོན་པར་སྐུལ་འདེད་དང་མང་ཚོགས་ཀྱིས་འཚོ་བ་གསར་བ་རོལ་པར་སྣེ་ཁྲིད་བྱས།
མཚོ་སྔོན་ཀོས་ནན་དུ། གསོན་ཉམས་ལྡན་པའི་དངུལ་ཁབ་དང་ལས་བརྩོན་བབ་ཆགས་ཀྱི་གཙག་དྲུབ་བུད་མེད་ཀྱིས། བོད་ཀྱི་གཙག་དྲུབ་ལ་བརྟེན་ནས་འཚོ་བ་ལེགས་སྒྱུར་དང་དབུལ་ཐར་ཕྱུག་འགྱུར་ལམ་བུ་བཏོད་ཡོད། གསར་འགོད་པས་ཀོས་ནན་རྫོང་ཨུ་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ད་ལྟ་ཀོས་ནན་རྫོང་དུ་གཙག་དྲུབ་ལས་དོན་ནང་ཞུགས་པའི་མི་གྲངས་བསྡོམས་པས1240ལྷག་ཡོད་ལ། རྫོང་ཡོངས་སུ་བསྡོམས་པས་གཙག་དྲུབ་ཀུང་སི7དང་གཙག་དྲུབ་ཁང60ཡོད་ལ། ལོ་རེར་གཙག་དྲུབ་བརྩམས་ཆོས་ཁྲི2ལྷག་དང་ཐོན་རྫས་རིན་ཐང་སྒོར་ཁྲི2600ཟིན་ཡོད། ས་གནས་གཙག་དྲུབ་ཐོན་རྫས་ཐོན་ལས་ཅན་དང་ཁྲོམ་ར་ཅན། གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་ནས། ཨ་རི་དང་ནེ་པ་ལ། ཐེ་གོ དབྱི་ལང་སོགས་ཀྱི་རྒྱལ་ཁབ་དུ་ཕྱིར་འཚོང་བྱེད་བཞིན་ཡོད།
“བུད་མེད་མང་པོ་ཞིག་གི་ཁྱིམ་ལས་ལྗིད་བས་གཙག་དྲུབ་ཁང་དུ་ཡོང་ཁོམ་མེད་ལ། ང་ཚོས་ཁོ་ཚོར་རྒྱུ་ཆ་མཁོ་སྤྲོད་བྱས་ནས་ཁོ་ཚོས་རང་ཁྱིམ་དུ་ལས་ཀ་བྱས་ཆོག དེ་ནས་ཡང་ཁྲོམ་རའི་རིན་གོང་ལྟར་ཁོ་ཚོ་ལག་ནས་ཐོན་རྫས་ཉོ་སྒྲུབ་བྱེད་བཞིན་ཡོད། ད་ལྟ། ང་ཚོ་ཀུང་སི་རུ་བུད་མེད་གཙག་དྲུབ་མཁན100ལྷག་ཡོད་པ་དང་། ཁོ་ཚོ་ཕྱི་རོལ་དུ་འགྲོ་མི་དགོས་པར་རང་ཁྱིམ་ནས་ལས་ཞུགས་མངོན་འགྱུར་བྱུང་ཡོད”ཅེས་གཙག་དྲུབ་ཀྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན་ལྷ་མོ་གཡུ་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བཤད། ད་ལྟ་མཚོ་སྔོན་གཙག་དྲུབ་ལས་རིགས་ལ“ཀུང་སི+ཞིང་དུད”ཀྱི་འཕེལ་རྒྱས་ལས་རྣམ་ཆགས་ནས་གཙག་དྲུབ་བྱེད་མཁན་གྱིས་རང་ཁྱིམ་ནས་ལས་ཞུགས་བྱས་ནས་ཕྱུག་འགྱུར་བྱུང་ཡོད།
ཉེ་བའི་ལོ་འགའི་རིང་། ཀོས་ནན་གཙག་དྲུབ་ཀྱིས་འགག་བརྟོལ་ས་འཚོལ་ཞིབ་བྱས་ནས། ཀོས་ནན་བོད་ཀྱི་གཙག་དྲུབ་སྲོལ་རྒྱུན་གཞི་རྒྱུ་རྒྱུད་འཛིན་དང་རྒྱུན་འཁྱོངས་བྱས་པའི་རྨང་གཞི་ཐོག གསར་སྤེལ་གང་ལེགས་བྱས་ནས་སྲོལ་རྒྱུན་མི་རིགས་རིག་གནས་སྒྱུ་རྩལ་དང་རྒྱུག་ཆེ་བའི་དར་སྲོལ་རྒྱུ་ཆ་ཟུང་འབྲེལ་བྱས་ནས་གསར་སྐྲུན་རང་བཞིན་གྱི་གཙག་དྲུབ་སྒྱུ་རྩལ་གཞན་སྒྱུར་བྱས་པས། གསོན་ཉམས་ལྡན་པའི་ལག་བཟོའི་གཙག་དྲུབ་བརྩམས་ཆོས་རེ་རེ་རྒྱལ་ཡོངས་དང་འཛམ་གླིང་ཡོངས་སུ་བསྐྱལ་ཡོད། །