གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་བྱས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 01-18


         གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། རང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གི“སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི”སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བརྗོད་པ་དང་། ཚང་མས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་ཡིན་པས། གཞི་རིམ་བཅོས་སྐྱོང་གི་ལས་སྟེགས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་རེ་འདུན་ནན་ཏན་ཉན་པ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། འདམ་གཞུང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་མི་སེམས་ལ་ལྕག་སྐུལ་ཟབ་མོ་ཐེབས་ནས་བློ་སྟོབས་ཀྱང་འཕེལ་སོང་། གོམ་སྟབས་རྗེས་མར་འདམ་གཞུང་རྫོང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། བྱེད་པོའི་འགན་འཁྲི་དང་ཁོངས་གཏོགས་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་བཅོས་སྒྲིག་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་ཏུ་གཏོང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་བློ་བཟང་སྒྲོལ་དཀར་གྱིས“གཞི་རིམ་གྱི་བུད་མེད་འཐུས་མི་ཞིག་གི་ངོས་ནས་མུ་མཐུད་བུད་མེད་དེ་བས་མང་བའི་སྣེ་ཁྲིད་དེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ནས་ཡ་རབས་ཁྱིམ་ཚང་འཛུཌ་སྐྱོང་དང་། གྲོང་གསེབ་དར་རྒྱས། སྤྱི་ཚོགས་ཞི་མཐུན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་པ་དང་རྒྱ་ཆེའི་བུད་མེད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་སྟེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་རིང་ལེགས་སྐྱེས་ཧུར་ཐག་འབུལ་གྱི་ཡིན”ཞེས་གསུངས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1