གྲོང་དང་གྲོང་རྡལ་ཉུལ་ཏེ་སྲང་ལམ་བརྒྱུད་སྐབས། ས་གྱང་གི་སྡོད་ཁང་རྙིང་བ་རྒྱུན་དུ་མཐོང་ཐུབ། དེས་ང་ཚོར་ཕ་ཡུལ་གྱི་དྲན་པ་བསྐྱེད། གྱང་རྡུང་བ་ནི་སྔོན་གྱི་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ད་ལྟ་གྱང་རྡུང་གི་སྲོལ་རྒྱུན་བཟོ་བཀོད་ལག་རྩལ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད།
ཟླ་བཞི་པར་འདིར་གནམ་གཤིས་དྲོ་རུ་ཕྱིན་པ་དང་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས། ལོ་རེའི་དུས་ཚིགས་འདིར་བོད་རིགས་མང་ཚོགས་ཀྱིས་རྒྱང་རྡུང་བའི་དུས་ཚིགས་ཡག་ཤོས་ཡིན། ད་ལྟ་ང་ཚོས་མཐོང་བཞིན་པ་འདི་ནི་མི་བཅུ་ཁ་མཉམ་དུ་འཛོམས་ནས། ཁང་བའི་ས་གྱང་རྡུང་བའི་འཁྲུག་ཆའི་རྣམ་པ་རེད། ས་གྱང་གཙོར་འཛིན་པའི་བཟོ་བཀོད་ལོ་རྒྱུས་ཀྱི་དུས་ཡུན་ནི། ཧ་ལམ་ལོ་ངོ་གསུམ་སྟོང་བཞི་སྟོང་ཙམ་ཞིག་འདས་ཤིང་། རྒྱུན་དུ་གྲོང་གསེབ་ཀྱི་ཁང་བ་འཛུགས་སྐྲུན་ཐད་སྤྱོད། ད་བར་སྔར་བཞིན་དབུས་རྒྱུད་དང་ནུབ་རྒྱུད། ལྷག་ཏུ་ནུབ་བྱང་དང་ལྷོ་ནུབ་ས་ཁུལ་དུ་ཁྱབ་ཆེ། དེ་ནི་སྲོལ་རྒྱུན་དུས་རབས་ཀྱི་གཙོ་རྒྱུག་བཟོ་བཀོད། རྒྱུད་འཛིན་གྱི་མཚམས་མ་ཆད་པའི་སྲོལ་རྒྱུན་ལག་རྩལ་འདི་ནི། སྐྱེ་ཁམས་རྒྱུན་མཐུད་ཀྱི་ཚད་ཤིང་ཡིན་པའི་ངོས་ནས། མི་རིགས་ལག་ཤེས་པའི་བློ་གྲོས་གཅིག་ཏུ་འདུས་པས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན།
ས་གྱང་ཁང་བའི་གྱང་གི་གཏིང་ཞེང་ཅུང་ཆེ་ལ། ས་གྱང་གི་མཐོ་ཚད་འཕར་བ་དང་བསྟུན་ནས་རིམ་བཞིན་ཇེ་ཕྲར་འགྱུར། ནང་གྱང་དྲང་ལ་ཕྱི་གྱང་ནང་དུ་སྡུད། སྒེའུ་ཁུང་ཅུང་ཆུང་ལ་ཤིང་གིས་སྐས་དབྱིབས་ལྟར་བཟོ་བ། བཟོ་བཀོད་ཧྲིལ་བོ་མཆོད་རྟེན་རྣམ་པས་བརྟན་པོར་བསླངས།
ས་གྱང་རྡུང་སྐབས་མི་ཅུང་མང་དགོས་ལ། ལ་ལས་གྱང་རྡུང་བ་དང་ལ་ལས་ས་རློན་སྐྱེལ་བས། རྣམ་པ་ཧ་ཅང་འཁྲུག་ཆ་ཆེ་ལ། ཐུན་མོང་གིས་ཨར་གཞས་ལེན་པས་ནང་དོན་ཧ་ཅང་ཕུན་སུམ་ཚོགས། ས་གྱང་བརྡུངས་ན་ནུས་ཁུངས་གྲོན་ཆུང་བ་དང་འབག་བཙོག་མེད་པར་མ་ཟད། ད་དུང་དྲོད་འཛིན་ནུས་པ་དམིགས་བསལ་ཅན་ལྡན་པས། དགུན་ཁར་དྲོ་ལ་དབྱར་ཁར་བསིལ་བའི་ཁྱད་ཆོས་ལྡན། ད་ཆར་ཁང་བ་སྐྲུན་སྐབས་མང་པོ་ཞིག་གིས་ངར་ལྕགས་དང་ཨར་འདམ་སྤྱོད་བཞིན་ཡོད། ང་ཚོས་ཅིའི་ཕྱིར་ད་དུང་སྲོལ་རྒྱུན་གྱི་བྱེད་སྟངས་སྤྱད་ནས་ཁང་བ་སྐྲུན་པ་ཡིན། འབྲིང་བ་ཡུལ་ཚོའི་བེའུ་སྒང་སྡེ་བའི་སྡེ་མི་དཀོན་མཆོག་སྐྱབས་ཀྱིས་བཤད་རྒྱུར། ཨར་འདམ་དང་བྱེ་རྡོ་སོགས་སྤྱད་ན་འགྲོ་སོང་བཏང་ནས་ཉོ་དགོས། འོན་ཀྱང་ས་གྱང་བརྡུངས་ན་རྒྱུ་ཆ་རང་ས་ནས་ལེན་ཆོག་ལ་མ་རྩ་གྲོན་ཆུང་བྱེད་ཐུབ། ད་དུང་སྲ་ཞིང་བརྟན་པས་མི་རབས་ལྔ་ནས་དྲུག་བར་ལ་གནས་ཐུབ་པ་དང་སྦྲགས། ཆུ་དང་མེ། ས་ཡོམ་བཅས་ཀྱི་གནོད་པ་འགོག་ཐུབ་ཟེར།
ས་གྱང་རྡུང་བའི་ལག་ཆ་ཧ་ཅང་སྟབས་བདེ་ཡིན། དེ་ནི་ཤིང་སྲ་མོས་བཟོས་ཤིང་མགོ་ནི་ཁྱིའུ་དབྱིབས་དང་ཡུ་བ་ཟླུམ་དབྱིབས་ཡིན་ལ། དཀྱིལ་ཅུང་ཕྲ་བ། བེད་སྤྱོད་མཁན་གྱིས་ལག་ཏུ་འཛིན་བདེ་བའི་རྡུང་ཤིང་ཡོད་ལ། བཀོལ་སྤྱོད་བྱེད་སྐབས་ཁྱིའུ་དབྱིབས་ཀྱི་མགོས་གྱང་ངོས་ཀྱི་ཟུར་དང་ས་རློན་དང་གྱང་ལེབ་འབྲེལ་མཚམས་རྡུང་བྱེད་ཡིན། ཟླུམ་དབྱིབས་ཀྱི་ཡུ་མགོ་ནི་གྱང་ངོས་རྡུང་བྱེད་ཡིན།
ས་གྱང་རྡུང་བའི་ཨར་གཞས་ནི་ངལ་རྩོལ་མི་དམངས་ཀྱིས་སྔོན་ཆད་ཁང་བ་བསྐྲུན་པ་དང་གྱང་རྡུང་བ། ཆུ་རགས་རྩིག་པ། རྩིག་རྨང་འདིང་བ་སོགས་བྱེད་སྐབས། རང་ཉིད་ལ་ངར་ཤུགས་སློང་ཆེད་བླངས་པ་ཞིག་ཡིན་ལ། ཨར་གཞས་ལ་གཏན་འཁེལ་གྱི་གླུ་ཚིག་མེད་ལ་སྤྱིར་བཏང་ཤིང་ཡུ་འདེགས་མཁན་གྱིས་ལེན་མགོ་རྩོམ་ལ། དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་སྐབས་བསྟུན་གྱིས་ཨར་གཞས་རྩོམ་ལེན་བྱེད། ཨར་གཞས་ཀྱི་ནུས་པ་གཙོ་བོ་ནི་བཀོད་འདོམས་མཐུན་སྦྱོར་དང་གོམ་སྟབས་གཅིག་གྱུར་བྱེད་རྒྱུ་དེ་ཡིན། ཚང་མས་ཨར་གཞས་འཐེན་པ་དང་ཀུ་རེ་སློང་བ་སོགས། བག་ཕེབས་སྤྲོ་སྐྱིད་ལྡན་པར་ངལ་རྩོལ་གྱི་སྤྲོ་སྣང་ལོངས་སུ་སྤྱོད།
ཁང་བ་དང་ར་སྐོར་རེ་རེའི་ལོ་ཟླའི་ཨར་གཞས་སྙན་མོས། ཡུལ་འདིའི་ལོ་རྒྱུས་རིག་གནས་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་ཏེ་དར་སྤེལ་བཏང་། འབྲིང་བ་ཡུལ་ཚོར་བསྐྱོད་ན་གང་སར་སྲོལ་རྒྱུན་གྱི་ས་གྱང་བཟོ་བཀོད་མཐོང་ཐུབ་ལ། རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་གི་ཡུལ་ལྗོངས་ཁྲོད་ནས་ལོ་རྒྱུས་རིག་གནས་ཀྱི་དོན་སྙིང་ལྷག་ཏུ་ཕྱུག།