མགོ་ལོག་གི་ཡུལ་སྐོར་ཐད་ཧྲང་ཧའེ་ཡིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-22



        སྤྱི་ཟླ་5པའི་ཚེས་18ཉིན་མཐའ་མཚམས་ལ་རོགས་རམ་བྱེད་ཅེས་པ་སྟེ། སྤྱི་ལོ་2023ལོར་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་ཡུལ་སྐོར་གཙང་གླས་གནམ་གྲུ་བརྒྱ་དང་། ཧྲང་ཧའེ་དང་བོད་ལྗོངས་དིང་རིའི་དབར་འཕུར་སྐྱོད་ཐེངས་དང་པོ་བྱེད་འགོ་ཚུགས་པའི་མཛད་སྒོ་དེ་ཧྲང་ཧའེ་གྲོང་ཁྱེར་རུ་འཚོགས་ཡོད། གསར་འགོད་པས་ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཧྲང་ཧའེ་ཡི་གྲོང་མི་མཚོ་སྔོན་མགོ་ལོག་སོགས་ཁ་གཏད་ས་ཁུལ་དུ་ཡུལ་སྐོར་ལྟ་སྐོར་ལ་བསྐྱོད་རྒྱུར་ལྕག་སྐུལ་བྱ་ཆེད། ཧྲང་ཧའེ་གྲོང་ཁྱེར་གྱིས་ད་ལོ་ཡུལ་སྐོར་གཙང་གླས་གནམ་གྲུ་15མཚོ་སྔོན་མགོ་ལོག་ཏུ་འཕུར་རྒྱུར་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

        མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4200ཟིན་པ་དང་། “ཀྲུང་གོའི་གླིང་སྒྲུང་རིག་གནས་ཀྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཐོབ་པ་མ་ཟད། འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་དང་ཀྲུང་གོའི་འཁྱགས་རོམ་ཆེ་ཤོས། མཚོ་སྔོན་གྱི་བརླན་ས་ཆེས་མཛེས་ཤོས་བཅས་ཡོད་པའི་དབང་གིས་སྐད་གྲགས་ཆོད་ཡོད། གཉེན་པོ་གཡུ་རྩེ་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས། དུང་དཀར་མཚོ་ནག་བཅས་ལས་ཐུན་མོང་མ་ཡིན་པའི་ས་མཐོའི་འབྱུང་ཁམས་ཀྱི་མཛེས་ལྗོངས་ཤིག་གྲུབ་ཡོད་པ་རེད། དེ་དང་ཆབས་ཅིག་གླིང་སྒྲུང་རིག་གནས་ཀྱི་འབྱུང་གནས་གཙོ་བོ་ཡིན་པ་དང་། བོད་མི་རིགས་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་རིག་གནས། གནས་རིའི་རིག་གནས་བཅས་དང་གླིང་སྒྲུང་རིག་གནས་མཉམ་དུ་འདྲེས་ནས་དམིགས་བསལ་གྱི་ས་མཐོའི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་གྲུབ་སྟེ། དམངས་ཁྲོད་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་མགོ་ལོག་འབྱུང་ཁམས་ཀྱི་ངོ་མཚར་ཆེ་བའི་ཡིད་དབང་ལྷག་ཏུ་འཕྲོག་བཞིན་མཆིས།

བྱེད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཡེ་ཝན་པིན་གྱིས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ལས་ཀའི་བྱེད་ཐབས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་དང་འབྲེལ། རིག་གནས་ཡུལ་སྐོར་ཁེ་ལས་དེ་བས་མང་བས་མཉམ་ལས་བྱས་ཐོག སྤུས་ལེགས་རིག་གནས་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་བཏོད་པ་དང་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ལྟ་སྐོར་དང་སྤྲོ་གསེང་དུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

        སྤེལ་རེས་གཏམ་བཤད་ཐོག་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་ཀྲའོ་ཡུང་གིས། ཧྲང་ཧའེ་ཡིས་ས་ཁུལ་བཞིའི་མདུན་ཕྱོགས་སྒྲིག་གཞིར་ཁ་གཏད་རོགས་སྐྱོར་བྱེད་པའི་འཐུས་མི་ཡིན་པའི་ངོས་ནས་ཧྲང་ཧའེ་ཡི་ཆུས་14དང་དེ་བཞིན་ཁྲུན་ཆིའུ་ཚོགས་པས་གཙང་གླས་གནམ་གྲུར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་གྱིས་འབྱུང་ཁམས་སྔོན་ལ་འཇོག་པ་དང་དམངས་འཚོར་མཐོང་ཆེན་བྱེད་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། མགོ་ལོག་གི་རིག་གནས་ཡུལ་སྐོར་ཐོན་ལས་རོགས་སྐྱོར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་། ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ལེགས་གཏོད་ཅིང་། ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱིས་ཧྲང་ཧའེ་ཡི་གྲོང་མིར་ཡུལ་སྐོར་ཐོན་རྫས་སྤུས་དག་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1