རབ་འབྱམས་ཤེས་བྱ་ཡངས་པའི་མཁའ་དབྱིངས་སུ། །ངོ་མཚར་ལེགས་བཤད་སྤྲིན་གྱི་སྙིང་པོ་ཡིས། །ཕན་བདེ་རྒྱ་མཚོ་སྤྲོས་པའི་ཆར་ཕབས་ཏེ། །དོན་བཟང་གཏམ་གྱི་དབྱར་རྔ་ཕྱོགས་ཀུན་བརྡུང་། །ཀུན་དགའི་དཔལ་གྱུར་སྙན་སྒྲོགས་དྲི་གཞོན་གྱིས་། །རྒྱལ་དོན་ཇུས་བཟང་པདྨའི་དགའ་ཚལ་ལས། །ཚོགས་ཆེན་ཉི་ཤུའི་བསུང་ངད་སྤྲོ་མཛད་པའི། །དམངས་ཕན་སྦྲང་རྩིའི་བརྟུལ་ཞུགས་འཛིན་ལ་མཁས། །མཛའ་བརྩེའི་སྙིང་གི་པདྨོ་བཞད་པ་ལས། །སྤུན་ཟླའི་དུང་སེམས་བཞད་པའི་གླིང་ག་རུ། །མཐུན་སྒྲིལ་རྩ་བ་ལག་གདང་གཅིག་སྦྲེལ་ནས། །སེའུ་འབྲུའི་སྙིང་པོ་སྤུངས་པའི་རྣམ་ཐར་ལགས། །ཀླད་རྙིང་རྨོངས་པའི་དུང་ཁང་སྨག་ཆེན་དུ། །གསར་གཏོད་རིག་པའི་འོད་སྟོང་སྐྲུན་པ་ཡིས། །རང་བྱུང་གསང་བའི་ཤེས་བྱའི་ཁང་བཟང་ནས། །ས་ཆེན་ཡངས་པའི་ལམ་དུ་བཀྲི་བར་མཛད། །དེ་སྐད་རྣམ་དཔྱོད་རིག་པའི་དག་ཞིང་དུ། །བཅུ་ཕྲག་བདུན་གྱི་དགེ་མཚན་བརྟས་པ་ཡིས། །བསྐལ་བཟང་རྒྱ་མཚོ་མི་ཉམས་མཛད་འཕྲིན་གྱིས། །ཡར་ཟླའི་དཔལ་ལ་ཚེགས་མེད་འཇུག་པར་སྨོན། །