གསེར་རྟ་རྫོང་གིས་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་བསྐུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-19


        གསེར་རྟ་རྫོང་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་དང་། མཉམ་འབྲེལ་རྫོང་ཚན་རྩལ་མཐུན་ཚོགས་ཀྱིས་རྫོང་གི་ཚན་རྩལ་ཆེད་མངགས་ཚོགས་པ་དང་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ཏེ་དྲྭ་ཐོག་དང་དྲྭ་ཕྱི་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་ཚན་རིག་ཁྱབ་གདལ་གཏོང་བའི་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རྫོང་དེའི་ཡུལ་སྡེ་དར་རྒྱས་གཏོང་ཆེད་ཚན་རྩལ་སྟོབས་ཤུགས་བསྣན་ཡོད།

        བྱེད་སྒོ་སྤེལ་རིང་ཚན་རྩལ་ཆེད་མངགས་པས་བརྟག་ཞིབ་བྱས་པ་བརྒྱུད་རྫོང་དེའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཐིལ་རྟོགས་དང་།ཞིང་འབྲོག་པའི་བསམ་འདུན་དང་དོན་དངོས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་ཚན་རྩལ་ཞབས་ཞུའི་ནང་དོན་ལུགས་མཐུན་ངང་གཏན་འཁེལ་བྱས་ནས་འགག་རྩའི་ཐོན་སྐྱེད་གནད་དོན་ལ་དམིགས་ནས་ལག་རྩལ་མཛུབ་ཁྲིད་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།

        ཚན་རྩལ་ལས་དོན་པས་གོ་བདེ་ཤེས་སླ་ལ་འཚོ་བ་དང་ཉེ་བཅར་གྱི་བྱེད་ཐབས་སྤྱད་དེ་དབྱར་རྩྭ་དགུན་འབུའི་དུས་ཚིགས་སུ་རི་སྟེང་དུ་གློ་བུར་དུ་འབྲུག་གྲགས་སྐབས། རི་རྩེ་དང་ཡང་ན་རི་མ་ཐང་དུ་སྡོད་མི་ཉན་པ་དང་།གློག་སྡོང་གི་ཉེ་འགྲམ་དུ་ཆར་གཡོལ་བྱེད་མི་ཉན། དྲག་ཆར་འབབ་པའི་སྐབས་སུ་ཉི་ནུས་ཆུ་བསྲོ་ཆས་སྤྱོད་མི་ཉན། ལག་ཐོགས་ཁ་པར་སྤྱོད་མི་ཉན་པ་སོགས་རྫོང་དེའི་འབྲོག་ལས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཚན་རྩལ་ལས་དོན་པ་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་འབྲོག་དུད་དང་ངོ་ཐུག་གདོང་འཕྲད་ཀྱིས་དཔེ་སྟོན་བྱེད་སྒོ་སྤེལ་ཡུལ་དུ་གཟན་རྩྭ་འདེབས་འཛུགས་བྱ་ཡུལ་འདེམས་པ་དང་།ས་ཆ་ལེགས་སྒྲིག་བྱེད་པ།འདེབས་འཛུགས་བྱེད་པ།ལུད་རྒྱག་པ།རྩྭ་ལྡུམ་མེད་པར་བཟོ་བ།རྟེན་གཞིའི་དོ་དམ་དང་དེ་བཞིན་འབྲི་གཡག་གསོ་ཚགས་དང་རྒྱུན་མཐོང་ནད་གཞིའི་གནད་དོན་སོགས་ཐད་ཀྱི་འགྲེལ་བཤད་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད།

        གསེར་རྟ་རྫོང་འབྲོག་དུད་བསོད་ནམས་ཀྱིས་ལག་རྩལ་མི་སྣས་ང་ཚོར་རྩྭ་འདེབས་དང་འབྲི་གཡག་གསོ་ཚགས་ཀྱི་ལག་རྩལ་བསླབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ང་ཚོས་འདེབས་འཛུགས་ཀྱི་ཚད་གཞི་དང་ལག་རྩལ་གྱི་རྩ་གནད་རིམ་བཞིན་ཁོང་དུ་ཆུད་པ་བྱས་ནས་སླད་ཕྱིན་ང་ཚོས་ཚན་རིག་དང་མཐུན་པའི་ངང་རྩྭ་འདེབས་རྒྱུ་དང་ཕྱུགས་གསོའི་རྨང་གཞི་བཏིང་ཡོད།སླད་ཕྱིན་ཞབས་ཞུའི་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

        བྱེད་སྒོ་སྤེལ་རིང་ཚན་རྩལ་ལས་དོན་པས་ད་དུང་གསེར་ཐར་ཐང་ཆེན་དུ་འཕྲེད་འགེལ་ཡི་གེ་འགེལ་བ་དང་།བློ་འདྲིའི་སྟེགས་བུ་འཛུགས་པ།དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་མཁོ་ཆས་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་ངང་རྒྱུད་རིང་པོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཞིང་ལས་ཚན་རྩལ་ཤེས་བྱ་དྲིལ་བསྒྲགས་ཞིབ་ཚགས་བྱས་པ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ཤེས་བྱ་དང་།མཐོ་གྲང་འབྲོག་ཁུལ་གྱི་མི་ཕྱུགས་གཉིས་ཀར་ཐུམ་འབུའི་ནད་སྔོན་འགོག་དང་།ནོར་གནག་གི་རྒྱུན་མཐོང་ནད་ཀྱི་ཤེས་བྱ།ཐོག་འགོག་ཤེས་བྱ།སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ལག་དེབ།ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དྲིལ་བསྒྲགས་སོགས་དྲིལ་བསྒྲགས་ཞིབ་ཚགས་བྱས་ཡོད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཁྱོན་ཚན་རྩལ་མི་སྣ་མི་ཐེངས30ལྷག་ཙམ་བཏང་བ་དང་།ཚན་རྩལ་དཔེ་དེབ་དང་དྲིལ་བསྒྲགས་དཔྱད་ཡིག600ལྷག་ཙམ་སྤྲད་པ།མི་ཐེངས300ལྷག་ཙམ་ལ་བློ་འདྲི་བྱས་པ།དྲྭ་ཐོག་དང་དྲྭ་ཕྱིའི་གནད་དོན་དངོས31ཐག་གཅོད་བྱས་པ།དེའི་ནང་ཞུགས་མཁན1000ལྷག་ཙམ་ཟིན་ཡོད།

        ཕྱིན་ཆད་གསེར་རྟ་རྫོང་གིས་ད་དུང་ཞིང་འབྲོག་པའི་འདེབས་གསོའི་ལག་རྩལ་སྣ་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་ཚན་རྩལ་རོགས་སྐྱོར་བྱས་ཏེ་རྒྱལ་ཁབ་ཚན་རྩལ་ཆེད་མངགས་ཚོགས་པའི་རྫོང་རིམ་པའི་ཚན་རྩལ་ཆེད་མངགས་ཚོགས་པ་དང་།ཡུག་ཤོག་གི་ཤེས་ལྡན་པ་ཟུང་དུ་འབྲེལ་བའི་བཤད་རོགས་ཁྲིད་གསུམ་གྱི་རྣམ་པ་བརྒྱུད་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1