གླིང་རྗེ་འཁྲུངས་ཡུལ་གྱི་སྐབས་དང་པོའི་རིག་གནས་སྒྱུ་རྩལ་དུས་ཆེན་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་དུ་སྤེལ་བ།

ཚུལ་ཁྲིམས་བཟང་པོ། དོན་འགྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-25


        གླིང་རྗེ་མི་ཡི་ཉི་མའི་འཁྲུངས་ཡུལ་དུ། གླིང་གི་རིག་གནས་སྒྱུ་རྩལ་ཆར་ལྟར་བབས། སྤྱི་ཟླ་༧པའི་ཚེས་༢༠ཉིན། གླིང་རྗེ་འཁྲུངས་ཡུལ་གྱི་སྐབས་དང་པོའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་སྤེལ། དེ་ཡང་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་སོགས་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཞིབ་འཇུག་པ་ཁག་ཅིག་དང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཚ་ཚ་དགོན་པའི་སྤྲུལ་སྐུ་དཔལ་རྒྱལ། ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་དཀོན་མཆོག་ཚེ་བརྟན། སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ནོར་བུ་བཟང་པོ་དང་སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འགྱུར་མེད་དབང་མོ་སོགས་ཀྲུང་དབྱང་དང་ཞིང་ཆེན། རང་སྐྱོང་ཁུལ། རྫོང་དང་གྲོང་རྡལ་རིམ་པའི་འགོ་ཁྲིད་དང་གེ་སར་ཞིབ་འཇུག་པ། སྒྱུ་རྩལ་པ། དེ་མིན་ཨ་ཕྱུག་ཡུལ་ཕྱོགས་ཀྱི་མི་དམངས་མང་ཚོགས་དང་རང་རྒྱལ་གྱི་ཡུལ་གྲུ་སོ་སོ་ནས་འོང་བའི་ཡུལ་སྐོར་མི་སྣ་སོགས་མི་ཚོགས་མང་པོ་འཛོམས་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཚེས་༢༠ནས་ཉིན་འགའི་རིང་། ཨ་ཕྱུག་གྲོང་རྡལ་ཡོངས་ཀྱི་སྐྱ་སེར་ཕོ་མོ་ཀུན་གྱིས་ཨ་ཕྱུག་རྩྭ་ཐང་དུ་གེ་སར་གར་འཆམ་དང་གླིང་གི་རྟ་རྒྱུག་འགྲན་བསྡུར། གླིང་སྒྲུང་འཆད་གྱེར་སོགས་མདོར་ན་གེ་སར་རིག་གནས་དང་འབྲེལ་བའི་རིག་གནས་སྒྱུ་རྩལ་གྱི་འཁྲབ་སྟོན་གྲ་རྒྱས་པོ་སྤེལ་རྒྱུ་དང་། ས་ཕྱོགས་སོ་སོའི་ཡུལ་སྐོར་བ་དང་གེ་སར་ཞིབ་འཇུག་པ་གང་མང་ཞིག་ཀྱང་མགྲོན་དུ་བསུས་ནས། གླིང་རྗེའི་འཁྲུངས་ཡུལ་ནས་གེ་སར་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་དགའ་སྟོན་ལོངས་སྤྱོད་ལ་རོལ་བཞིན་འདུག །

        རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསར་འགོད་པ་ལ་ཨ་ཕྱུག་ས་ཆ་འདི་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འཁྲུལ་མེད་ཡིན་པའི་ཐད་སྔོན་ནས་མཁས་མཆོག་མང་པོའི་གསུང་དུ་འཁོད་ཡོད་རེད། ད་ལྟའང་ཡུལ་གྱི་བཀོད་པ་དང་སྣོད་ཀྱི་འཇིག་རྟེན་ལ་བལྟས་པ་ན། མཁས་མཆོག་རྣམ་པས་གསུང་པ་དང་ཨ་ན་མ་ན་ཡིན་པས། ས་ཆ་འདི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འཁྲུལ་མེད་རེད། ཡུལ་འདིའི་སྐྱ་སེར་ཡོངས་རྫོགས་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུའི་ཐད་སྤྲོ་བ་ཆེན་པོ་འདུག །ལྷག་ཏུ་ས་ཆ་འདི་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེ་བ་ནི་དཔལ་རྒྱལ་སྤྲུལ་སྐུ་རེད། ད་བར་དུ་ས་ཆ་འདི་ལ་དྲན་རྟེན་ཁང་བཞེངས་རྒྱུ་སོགས་ས་གནས་འདིའི་སྐྱ་སེར་ཚོའི་སྣེ་ཁྲིད་ནས། གེ་སར་རིག་གནས་སྲུང་སྐྱོབ་དང་སྔོག་འདོན། ཞིབ་འཇུག་ཐད་ལ་བྱས་རྗེས་རླབས་ཆེ་བ་བཞག་ཡོད་རེད། གོང་རིམ་དང་མང་ཚོགས་ཡོངས་ཀྱིས་ས་གནས་འདིའི་གེ་སར་རིག་གནས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ས་ཆ་འདི་ནི་གེ་སར་རྒྱལ་པོའི་འཁྲུངས་ཡུལ་རེད་ལ། གེ་སར་རིག་གནས་ཀྱི་ཆུ་འགོ་ལྟ་བུ་རེད། གལ་སྲིད་འདི་སྲུང་སྐྱོབ་བྱེད་མ་ཐུབ་ན། རྩ་བ་དོར་ནས་ཡལ་ག་བཟུང་བ་འདྲ་བས་ས་གནས་འདིའི་གེ་སར་རིག་གནས་ཀྱི་རྒྱབ་སྐྱོར་དང་འཛུགས་སྐྲུན་ཐད་ལ་ཤུགས་སྣོན་ཆེན་པོ་རྒྱེབ་དགོས་འདུག་ཅེས་གསུངས།

        དེ་ཡང་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་དེ་རིང་ང་ཚོ་གེ་སར་འཁྲུངས་ཡུལ་ས་སྐྱིད་སོས་ཡག་གི་ཁ་མདོར་འོང་ནས་སྐབས་དང་པོའི་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་དངོས་སུ་འགོ་ཚུགས་ཡོད་པ་མཐོང་བྱུང་། དེ་བས་ངས་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུ་བཞིན་ཡོད། གེ་སར་རིག་གནས་ཐད་སྡེ་དགེ་རྫོང་དང་ཨ་ཕྱུག་གྲོང་རྡལ་གྱི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་རྣམ་པས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་ཚད་མེད་མཛད་ཡོད་པར་མ་ཟད། ལྷག་པར་དུ་དཔལ་རྒྱལ་རིན་པོ་ཆེས་མཛད་རྗེས་ཆེན་པོ་བཞག་ཡོད་དེ། དཔེར་ན་ཁོང་གིས་གེ་སར་དྲན་གསོ་ཁང་བསྐྱར་བཞེངས་བྱ་རྒྱུ་དང་གླིང་གེ་སར་རྒྱལ་པོའི་གར་འཆམ་སྒྲིག་བཀོད་གནང་རྒྱུ། གླིང་བྲོ་འཁྲབ་རྒྱུ་ལ་སོགས་པ་ལ་མཛད་རྗེས་ཆེན་པོ་བཞག་ཡོད་རེད། ཁོང་རྣམ་པ་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་ཡིན་ཞེས་གསུངས།

        སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཚ་ཚ་དགོན་པའི་སྤྲུལ་སྐུ་དཔལ་རྒྱལ་ལགས་ཀྱིས། སྔོན་བྱོན་མཁས་པའི་དབང་པོ་གང་མང་གིས་མཛད་པའི་ལོ་རྒྱུས་དང་ད་ལྟ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་པ་རྣམ་པས་རྟོག་དཔྱོད་ཞིབ་འཇུག་བྱས་པའི་འབྲས་བུ་རུ་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ནི་ཨ་ཕྱུག་ས་གནས་འདི་རུ་ཡིན་པ་ཐག་བཅད་ཡོད། རྫོང་དང་ས་གནས་ཏང་སྲིད། དེ་མིན་སྐྱ་སེར་ཀུན་གྱི་རེ་འདུན་ལྟར་ད་ཐེངས་གླིང་རྗེ་གེ་སར་འཁྲུངས་ཡུལ་གྱི་སྐབས་དང་པོའི་རིག་གནས་སྒྱུ་རྩལ་དུས་ཆེན་འདི་སྤེལ་བ་ཡིན་ལ། སྤྱིར་གེ་སར་རིག་གནས་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རྒྱལ་ཁབ་ཀྱི་རིག་གནས་བང་མཛོད་དུ་འོད་སྟོང་འཕྲོ་ཆོག་པ་ཞིག་དང་། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། མ་འོངས་པར་གོང་འོག་བར་གསུམ་གྱིས་གེ་སར་རིག་གནས་དང་ཁྱད་པར་དུ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་འདི་རུ་གེ་སར་དང་འབྲེལ་བའི་བྱེད་སྒོ་སྤེལ་སྐབས་ཐུགས་ཁུར་དང་རྒྱབ་སྐྱོར་མང་ཙམ་གནང་རོགས་ཞུ་ཞེས་གསུངས།

        སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་འགྱུར་མེད་དབང་མོས། དགའ་འོས་པ་ཞིག་ལ་༢༠༢༣ལོའི་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་རྟོག་ཞིབ་ཀྱི་བྱེད་སྒོ་དེ་སྡེ་དགེ་རུ་སྤེལ་བ་རེད། སྡེ་དགེ་ནི་གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་ཡུལ་ཡིན་པར་མ་ཟད། གེ་སར་གར་འཆམ་གྱི་འབྱུང་ཁུངས། རྒྱ་ཚ་ཞལ་དཀར་གྱི་རྔུལ་ཆུ་ཁྲོ་རྫོང་དང་ཉ་ཚ་ཨ་བརྟན་གྱི་མཁར་ཤུལ་ལ་སོགས་པ་གནའ་ཤུལ་ཕུན་སུམ་ཚོགས་པ་ཡོད་རེད། དེ་མིན་ད་དུང་གེ་སར་གྱི་སྒྱུ་རྩལ་ཐད་ལའང་མང་པོ་ཡོད་རེད། དཔེར་ན་རྫོགས་ཆེན་ནས་དར་བའི་གླིང་བྲོ་བདེ་ཆེན་རོལ་མོ་ལ་སོགས་དང་སྒྲུང་ངག་ཐད་ལ་རྫོགས་ཆེན་པདྨ་ཡེ་ཤེས་ཀྱི་སྒྲུང་ངག་དང་དིས་ཆུང་བློ་ཆོས་དང་དཔལ་ཆེན་གཅེན་གཅུང་ནས་རྒྱུད་པའི་སྒྲུང་ངག་སོགས་ཡོད་ལ། གནའ་ནས་ད་བར་དུ་སྒྲུང་པ་ཡང་མང་པོ་ཡོད་རེད། དེ་ཡང་གོང་རིམ་གྱི་དབུ་ཁྲིད་འོག་སྡེ་དགེའི་འབྲེལ་ཡོད་ལས་ཁུངས་དང་གཞི་རིམ་མང་ཚོགས་ཀུན་གྱིས་རང་ནུས་གང་ཡོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་རྒྱུན་འཛིན་དར་སྤེལ་གང་ལེགས་བཏང་དང་གཏོང་མུས་ཡོད།

        གླིང་གེ་སར་གྱི་འཁྲུངས་ཡུལ་ནི་ས་སྐྱིད་སོས་ཡག་གི་ཁ་མདོ། ཆུ་གཉིས་ཆབ་མ་བརྡབ་འདྲ། སྤང་གཉིས་བལ་སྟན་བཏིང་འདྲ་ཞེས་འཁོད་ཡོད་པའི་ས་སྐྱིད་སོས་ཡག་གི་ཁ་མདོ་ནི་དེང་གི་སྡེ་དགེའི་ཨ་ཕྱུག་ལུང་པ་ཡིན་པ་དང་། འཁྲུངས་གླིང་མེ་ཏོག་ར་བ་སོགས་སུ་འཁོད་པའི་སའི་ཁྱད་ཆོས་དང་ཡོངས་སུ་མཐུན། ད་ལྟ་ས་གནས་འདི་རུ་ཇོ་རུའི་སྐུ་རྗེས་དང་བླ་མཚོ་ཆུ་མིག །འབྲུག་མོའི་སྦྲ་ཕུབ་ས། གེ་སར་གྱིས་རྟ་རྒྱུག་འདྲེན་ས། དེ་མིན་གེ་སར་ལྷ་ཁང་སོགས་རིག་དངོས་ཤུལ་བཞག་མང་པོ་དངོས་སུ་མཇལ་རྒྱུ་ཡོད་ལ། གླིང་གེ་སར་གྱི་གར་འཆམ་དང་གླིང་སྒྲུང་འཆད་གྱེར་སོགས་མདོར་ན་གླིང་དང་འབྲེལ་བའི་རིག་གནས་གྱ་ནོམ་པ་ཡོད།

        དེ་ཡང་ད་ཐེངས་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཞིབ་འཇུག་མི་སྣ་༢༠༢༣ལོར་གེ་སར་འཁྲུངས་ཡུལ་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་དེ་གླིང་རྗེའི་འཁྲུངས་ཡུལ་སྡེ་དགེའི་མངའ་ཁོངས་སུ་སྤེལ་ཡོད་དེ། ཁུ་བོ་ཁྲོ་ཐུང་རྒྱལ་པོའི་ཕ་ཡུལ་བཀྲ་ཤིས་ཁྲི་གླིང་དུ་གེ་སར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་དཔེ་སྟོན་ལྟེ་གནས་ཀྱི་མཚན་བྱང་བསྩལ་བ་དང་། གེ་སར་གར་འཆམ་གྱི་ཆུ་འགོ་རྫོགས་ཆེན་དགོན་དུ་གླིང་རྗེ་གེ་སར་རྒྱལ་པོའི་གར་འཆམ་དང་གླིང་བྲོ་བདེ་ཆེན་རོལ་མོ། དམངས་ཁྲོད་སྒྲུང་པའི་འཁྲབ་སྟོན་སོགས་ལ་རྟོག་ཞིབ་གནང་བར་མ་ཟད། གླིང་གེ་སར་ཟློས་གར་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འཚོགས། དེ་ནས་ཨ་ཕྱུག་རྩྭ་ཐང་དུ་སྤེལ་བའི་གླིང་རྗེ་གེ་སར་འཁྲུངས་ཡུལ་གྱི་སྐབས་དང་པོའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཕེབས། སྤྱི་ཚེས་༢༡ཉིན་ནས་ཉིན་འགའི་རིང་འགུ་ཟི་གླིང་ཚང་རྒྱལ་པོའི་གཞིས་མལ་དང་ཕོ་བྲང་སེང་འབྲུག་སྟག་རྩེ། ཕུ་བོ་རྒྱལ་ཚ་ཞལ་དཀར་གྱི་ཕོ་བྲང་རྔུལ་ཆུ་ཁྲོ་རྫོང་སོགས་གེ་སར་གནའ་ཤུལ་ཁག་ལ་རྟོག་ཞིབ་གནང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1