རྟ་འདོ་བའི་གོང་གི་སྟག་ཤར་ཚོའི་ཉམས་བཟང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-26


     ཚེས་24ཉིན། “ས་གཞི་ཆེན་མོའི་དགའ་གླུ”ཞེས་པའི་2023ལོའི་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་རིག་གནས་བྱེད་སྒོ་ལོའི་མཁའ་དབྱིངས་གྲོང་ཁྱེར་ལི་ཐང་གི“བརྒྱད་གཅིག”རྟ་རྒྱུག་འགྲན་ཚོགས་དེ་སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་རྫོང་འབུམ་ཡག་རྩྭ་ཐང་དུ་འགོ་ཚུགས་པ་རེད།




     ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཏུང་ཏེ་ཧུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་འབུལ་སྐབས། རྟ་རྒྱུག་འགྲན་བསྡུར་ནི་ལི་ཐང་མི་དམངས་ཀྱི་བརྩེ་སེམས་མཚོན་པ་ཡིན་ལ་ལོ་ངོ་སྟོང་གི་ལོ་རྒྱུས་རྒྱུན་འཛིན་བྱས་པ་ཞིག་ཀྱང་ཡིན། ད་རེས་ནི་རྟ་མཆོག་རྒྱུག་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་ལ། གུར་ཁྲི་ཕུབ་པའི་དམངས་སྲོལ་འདུ་ཚོགས་ཤིག་ཀྱང་ཡིན་པ་མ་ཟད། ད་དུང་མགྲོན་པོ་ཁྲི་ཡི་སྤེལ་རེས་ཀྱི་ཚོང་དོན་གཟབ་རྒྱས་ཤིག་ཀྱང་རེད་ཅེས་བཤད།




     འགོ་ཚུགས་མཛད་སྒོའི་ཐོག མི་སྟོང་ལ་ཉེ་བའི་རུ་སྟར་དེས་ཡུལ་དངོས་སུ་ཡོང་སྐབས་ལྟད་མོ་བའི་ཡིད་སེམས་བཀུག་ཅིང་། དགའ་འབོད་རྒྱུན་ཆད་མེད་པར་གྲགས་པ་རེད། རྟ་ཐོག་གི་ན་གཞོན་རུ་ཁག་དང་། རྟ་ཐོག་གི་ཏང་འཛུགས་སྐྱོང་སྒྲོག་འགྲེལ་རུ་ཁག སེ་འབྲུ་ལས་དོན་རུ་ཁག རྟ་ཐོག་གི་སྨན་བཅོས་རུ་ཁག རྟ་ཐོག་གི་ནགས་ཚལ་རྩྭ་ཐང་སྐོར་གཡེང་རུ་ཁག རྟ་ཐོག་གི་ཡུལ་དམག་རུ་ཁག རྟ་ཐོག་གི་ཉེན་རྟོག་རུ་ཁག འགྲན་ཞུགས་འཐུས་མི་རུ་ཁག་སོ་སོས་རིམ་པ་བཞིན་འཁྲབ་སྟོན་བྱས་པ་རེད། རུ་སྟར་ཡུལ་དངོས་སུ་ཞུགས་པའི་རྣམ་པ་ཕུད། ཡུལ་དངོས་སུ་ད་དུང་ཡུལ་སྐོར་བ་ཚོས་རེ་སྒུག་བྱེད་པའི་རྟ་རྩལ་ཡང་འཁྲབ་སྟོན་བྱས་པ་རེད།




     ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རྟ་རྒྱུག་འགྲན་ཚོགས་དེ་ཟླ་7ཚེས་23ཉིན་ནས་ཟླ་7ཚེས་26ཉིན་བར་སྤེལ་རྒྱུ་ཡིན་ཞིང་། ངོ་མཚར་ཆེ་བའི་རྟ་རྒྱུག་འགྲན་བསྡུར་དང་རྟ་རྩལ་བྱེད་སྒོ་མང་པོ་སྤེལ་བ་ཕུད། ལི་ཐང་རྫོང་ལ་ད་དུང་རིག་རྩལ་དགོང་ཚོགས་དང་། ཤོམ་འགྲོ། དཔེ་དེབ་དང་རི་མོའི་འགྲེམས་སྟོན། མཚན་མོར་གནའ་བོའི་གྲོང་རྡལ་ལྟ་སྐོར་བྱེད་པ་སོགས་རིག་གནས་མྱོང་རོལ་བྱེད་སྒོ་རབ་དང་རིམ་པ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1