ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-26


མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་ལ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཚའེ་ཆི་དང་ཏིང་ཤུའེ་ཞང་ཞུགས་པ།


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གཞི་ཆེའི་སྲིད་ཇུས་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་། གདེང་ཚོད་འཕེལ་བར་བྱེད་པ། ཉེན་ཁ་འགོག་ཟོན་བྱེད་པ། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ལེགས་སུ་གཏོང་བ། ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་རྒྱུན་མཐུད་ལེགས་སུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་རྒྱུན་མཐུད་སེལ་བ་བཅས་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་ཚད་གཞི་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ལི་ཆང་གིས་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་འབྲེལ་ཡོད་བསམ་གཞིག་ངོ་སྤྲོད་གནང་བ་རེད།

   བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཧྥན་ཅེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གིས་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་གྱི་ཇུས་འགོད་བསམ་གཞིག་གནང་བར་ཁོང་ཚོས་རྦད་དེ་མོས་མཐུན་གནང་བ་མ་ཟད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དྲ་རྒྱའི་ཟང་ཟིང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་གསར་གཏོད་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། ཐོན་ལས་འཁོར་འབྲེལ་དང་ཤེས་ལྡན་མི་སྣའི་འཁོར་འབྲེལ་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་དངོས་ཀྱི་གསོ་རིག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། གསར་དར་འཛད་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་སྐྲུན་ལ་སྤྱི་འདོམས་དང་ལེགས་སུ་གཏོང་བ། ལུས་རྩལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀ་རྟེན་ཐོན་ལས་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་གྱི་བཀོད་པར་མཐུན་སྦྱོར་བྱེད་པ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཚང་མས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་གནང་སོང་། ང་ཚོས་ཞིབ་འཇུག་ནན་ཏན་དང་དང་ལེན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འདི་ལོའི་ལོ་སྟོད་དུ་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་སྤྱི་འདོམས་ཡག་པོ་བྱས་པ་དང་། གཞི་ཆེན་སྲིད་ཇུས་སྔོན་ཚུད་ནས་མཉམ་དུ་ཤུགས་རྒྱག་པ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཐོན་ལས་རིམ་སྤོར་གྱི་ཕན་འབྲས་མངོན་གསལ་དོད་པ།

    སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གསར་པ་སྤོས་པ། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་པ། དམངས་འཚོ་འགན་ལེན་ནུས་ལྡན་ཐུབ་པ། གྲོང་མིའི་ཡོང་འབབ་དང་དཔལ་འབྱོར་གཞི་རྩའི་ཆ་ནས་དུས་གཅིག་ཏུ་འཕར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་མྱུར་ཚད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་སྔོན་ཐོན་གྱི་གནས་བབ་ཏུ་གནས་པ་དང་། དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ། འཕེལ་རྒྱས་ཀྱི་མདུན་ལམ་ཡག་པ་བཅས་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལ་དམིགས་ཏེ། གཞི་ཆེན་སྲིད་ཇུས་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་དགོས་མཁོ་ཆེ་རུ་ཧུར་ཐག་གཏོང་བ། ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་ཟོན་དང་སེལ་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་སྟོད་དུ་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་འཁོར་འབྲེལ་ལེགས་སུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་ནས། བརྟག་ཞིབ་གཏིང་ཟབ་དང་ཐབས་འདོན་ཇུས་འདོན་གྱིས་སྟབས་བསྟུན་ནུས་ཆེའི་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམངས་གཙོའི་ལྟ་སྐུལ་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་3བཏོན་གནང་བ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དཔལ་འབྱོར་དུས་བབ་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དབྱེ་ཞིབ་དང་བརྡར་ཤ་གཅོད་པའི་ཐོག་སྔར་བས་གཅིག་གྱུར་ཡོང་བར་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལ་ཕྱོགས་ཡོངས་ནས་བསམ་ཤེས་དང་སྟངས་འཛིན་ཡང་དག་བྱས་ནས་མདུན་སྐྱོད་ལམ་གྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་དགོས་པ་དང་། གཉིས་ནས་རང་འགན་གཙང་སྒྲུབ་དང་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་དགོས། གསུམ་ནས་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཏང་དང་སྲིད་གཞུང་ལ་དོགས་གཞི་སེལ་རོགས་དང་། སྔོན་དཔག་ལ་ཁྲིད་སྟོན། ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་བྱེད་རོགས་བཅས་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣར་བསམ་བློ་ཆབ་སྲིད་ཐོག་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས་པ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1