ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གྲོང་ཚོ་འཛུགས་པ་དང་ཀྲུང་གོའི་འཐུས་མི་ཚོགས་པ་ཁག་དང་པོའི་ཁོངས་མི་རྣམས་གྲོང་ཚོར་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-26


        ཁྲེང་ཏུའུ་སྐབས31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས(གཤམ་དུ“ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས”ཞེས་བསྡུ་ཡོད)ཀྱི་ལུས་རྩལ་པ་གྲོང་ཚོའི་སྒོ་འབྱེད་མཛད་སྒོ་དང་ཀྲུང་གོའི་འཐུས་མི་ཚོགས་པར་དགའ་བསུ་ཞུ་བའི་མཛད་སྒོ་དེ་ཚེས22ཉིན་ལུས་རྩལ་པའི་གྲོང་ཚོར་སྤེལ་བ་རེད།

        རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སློབ་གསོ་པུའུ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། སི་ཁྲོན་ཞིང་ཆེན། ཁྲེང་ཏུའུ་གྲོང་ཁྱེར། ཀྲུང་གོའི་འཐུས་མི་ཚོགས་པ་བཅས་དང་།དེ་བཞིན་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འཐུས་མི་སོགས་ཉིན་དེའི་མཛད་སྒོར་ཞུགས་པ་རེད། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་གྲོང་ཚོའི་མགོ་འཛིན་ཞན་རུང་ཧྲེང་དང་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཡིན་པའི་ཨའེ་རུའེ་ཁེ·སེན་ཁྲའོ་ཡིས་ལག་རྟགས་བརྗེ་རེས་གནང་བ་རེད། འཐུས་མི་ཚོས་ཐུན་མོང་ཐོག་གྲོང་ཚོ་སྒོ་འབྱེད་སྒྲིག་ཆས་སྤྱད་དེ་ཁྲེང་ཏུའུ་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པའི་གྲོང་ཚོ་དངོས་སུ་སྒོ་ཕྱེ་བ་རེད།

        སློབ་གསོ་པུའུ་ཡི་པུའུ་ཀྲང་གཞོན་པ། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཝང་ཅ་དབྱིས་ཤིས་ཚིག་ཕུལ་སྐབས་ལུས་རྩལ་པའི་གྲོང་ཚོ་དངོས་སུ་འགོ་ཚུགས་པ་དེ་ནི་གོ་ལ་ཧྲིལ་པོ་ནས་ཡོང་བའི་སློབ་ཆེན་སློབ་མའི་ལུས་རྩལ་པའི་ཁྲེང་ཏུའུ་ཡི་འགྲན་བསྡུར་སྐབས་ཀྱི་གནས་སྐབས་ཁྱིམ་གཞིས་ལ་གྲ་སྒྲིག་གང་ལེགས་བྱས་པ་མཚོན་ཡོད་ཅེས་དང་། “ང་ཚོས་ཀྲུང་གོ་དང་ཁྲེང་ཏུའུ། སློབ་ཆེན་སློབ་མའི་གྲོང་ཚོ་བཅས་ནས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ཁག་གི་ན་གཞོན་ཚོར་ལྷག་བསམ་ཟོལ་མེད་ཀྱིས་གདན་ཞུས་བྱས་ཏེ་ལང་ཚོ་དར་བའི་འདུ་ཚོགས་གཟབ་རྒྱས་མཉམ་དུ་གཉེར་བ་དང་། གསོན་ཤུགས་མངོན་ནས་འཛམ་གླིང་གི་ན་གཞོན་ཕན་ཚུན་ཆ་རྒྱུས་ཟབ་སྤེལ་དང་མཛའ་མཐུན་མཉམ་འགྲོགས། ཞི་བདེ་དང་འཕེལ་རྒྱས། དྲང་བདེན་དང་དྲང་གཞག། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་།མི་རིག་སྤེལ་རེས་དང་ཤེས་དཔལ་དཔྱད་གཞིར་འཛིན་རེས་བསྐུལ་ཏེ་ལག་གདང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས་ཞེས་བཤད་པ་རེད།

        ཀྲུང་གོའི་འཐུས་མི་ཚོགས་པར་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་མགོ་འཛིན་ཞན་རུང་ཧྲེང་གིས་དགའ་བསུ་ཞུ་བའི་ཤིས་ཚིག་ཕུལ་བ་དང་། འགོ་འཛིན་ལིའུ་ཞའོ་ལིའུ་དང་སློབ་གསོ་པུའུ་ཡི་སློབ་མའི་ལུས་རྩལ་མཐུན་ཚོགས་མཉམ་འབྲེལ་དྲུང་ཡིག་ཁྲུའི་དྲུང་ཆེ།ཀྲུང་གོའི་འཐུས་མི་ཚོགས་པའི་ལག་བསྟར་ཚོགས་གཙོ་ལིའུ་ལི་ཞིན་གྱིས་ལག་རྟགས་བརྗེ་རེས་གནང་བ་རེད། ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཅ་དབྱིས་ཀྱིས་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཐང་གའི་ཐོག་མིང་རྟགས་བཀོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་འཐུས་མི་ཚོགས་པའི་དྲག་རྩལ་དང་མཆོང་རྒྱུག་འཕེན་གསུམ། སྐྱེས་པའི་སྤོ་ལོ། སྒྱུ་རྩལ་ལུས་སྦྱོང་སོགས་རྣམ་གྲངས་ཀྱི་འཐུས་མི་རུ་ཁག13དང་དེ་བཞིན་སྡེ་ཚོགས་པུའུ་ཡི་ཁོངས་མི300ལྷག་ལུས་རྩལ་གྲོང་ཚོར་སྤོས་ཡོད་པ་རེད།

        སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཚོ་དེས“བཟའ་བཅའ་དང་སྡོད་གནས། བྱ་སྤྱོད”དང“འགྲན་བསྡུར་དང་ཉོ་སྒྲུབ། རོལ་རྩེད”སོགས་ལ་དམིགས་ནས་འཐུས་མི་རུ་ཁག་སོ་སོར་འཛམ་གླིང་ས་གནས་ཁག་གི་བྲོ་བ་མི་འདྲ་བའི་ཞིམ་ཟས་མཁོ་འདོན་བྱ་རྒྱུ་དང་། རང་འགུལ་སྤྱི་སྤྱོད་རླངས་འཁོར་དང་རབས་གསར་པའིAIརིག་ནུས་སྐད་སྒྱུར་སོགས་ཚན་རྩལ་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་གྲོང་ཚོས་ཀྱང་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་མྱོང་རོལ་བྱེད་སྒོ་དང“རྒྱ་སྐད་འབྲེལ་ཟམ”ཞེས་པའི་རྒྱ་ཡིག་སློབ་སྦྱོང་དང་ཉམས་ལེན་བྱེད་སྒོ་སོགས་ཚུད་པའི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ནས་འཛམ་གླིང་གི་ན་གཞོན་ཚོས་ཕན་ཚུན་རྒྱུས་ལེན་དང་མཛའ་བརྩེ་ཟབ་སྤེལ།འཐུས་མི་ཚོགས་པ་ཁག་གི་ན་གཞོན་གྲོགས་པོ་ཚོའི་ཤེས་དཔལ་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏང་རྒྱུ་རེད།

        ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ7པའི་ཚེས28ཉིན་ནས་སྤྱི་ཟླ8པའི་ཚེས8ཉིན་བར་འཚོག་རྒྱུ་ཡིན་པ་དང་།ཁྱོན་རྣམ་གྲངས་ཆེ་བ18དང་རྣམ་གྲངས་ཆུང་བ269བཀོད་སྒྲིག་བྱས་པ་དང་། དེའི་རིང་ད་དུང་རྒྱལ་སྤྱིའི་སློབ་ཆེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་རིག་གཞུང་ཚོགས་ཆེན་སོགས་སློབ་གསོའི་བྱེད་སྒོ་དང་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཀྲུང་གོའི་སློབ་ཆེན་སློབ་མའི་ལུས་རྩལ་པ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་སློབ་ཆེན་སློབ་མའི་ལུས་རྩལ་པའི་བར་གྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1