རྔ་བ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དབྱར་གཞུང་དུ་སྨྱུག་འཛིན་པས་གཟི་ཚ་སྡེ་དགུ་རྫོང་ནན་ཕིང་གྲོང་རྡལ་ཧྲོང་ཧོ་གྲོང་ཚོར་སྐྱོད་སྐབས་སྔོ་ཐིང་ངེར་གནས་པའི་ལྗོན་ཤིང་དང་། དྲི་ཞིམ་འཐུལ་བའི་མེ་ཏོག གཙང་ཞིང་གྲལ་སྟར་འགྲིག་པའི་ཞིང་ཁྱིམ། མཛེས་ཤིང་ལྟ་ན་སྡུག་པའི་དཔེ་གསར་ཅན་གྱི་དམངས་སྲོལ་གནས་ཚང་བཅས་ཀྱིས་གྲོང་ཚོ་ཡོངས་བརྒྱན་པ་མཐོང་བྱུང་། གྲོང་ཚོ་དེ་རི་གྲོང་ཆུང་ཆུང་ཞིག་ནས་སྤྲོ་སྐྱིད་གླིང་ཞིག་ཏུ་གྱུར་པ་ནི་ཏའོ་ཏང་ཀུའུ་སྐྱེ་ཁམས་ཡུལ་སྐོར་གྱི་རྣམ་གྲངས་འཛུགས་སྐྲུན་བྱས་པ་ལས་བྱུང་བ་རེད།
ཉེ་བའི་ལོ་ཤས་རིང་། ཧྲོང་ཧོ་གྲོང་ཚོས“ས་གྲོལ”རྣམ་གྲངས་འཛུགས་སྐྲུན་ལ་གཞི་ཚུགས་པ་དང་། དམིགས་བསལ་གྱི་ས་བབ་ལེགས་ཆ་དང་། སྐྱེ་ཁམས་ཐོན་ཁུངས། མི་ཆོས་རིག་གནས་ཀྱི་ཐོན་ཁུངས་བཅས་སྤྱད་པ། དེ་བཞིན“ཞིང་ལས་ཡུལ་སྐོར+རིག་གནས་ཡུལ་སྐོར”དང“མཉམ་འདྲེས་འཕེལ་རྒྱས་དང་ཕྱོགས་གཉིས་ནས་སྐྱོད་པའི”འཕེལ་རྒྱས་འཆར་འགོད་གཞིར་བཟུང་། གྲོང་ཚོ་དེ་ཉིད་ཐོན་ལས་དཔེ་སྟོན་དང་། ལུས་གསོ་འགྲོ་སྡོད། མི་ཆོས་རིག་གནས་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་དར་རྒྱས་ཀྱི་གྲོང་གསེབ་རིག་གནས་ཡུལ་སྐོར་དཔེ་སྟོན་སྐར་ཁུང་ཞིག་ཏུ་བསྐྲུན་རྒྱུ་མ་ཟད། ད་དུང་བྱེད་ནུས་ཁུལ་ཁག་བགོས་བྱས་པ་གཞིར་བཟུང་གྲོང་ཚོ་ཧྲིལ་པོར་འཆར་འགོད་བྱས་ནས་བསྐྲུན་ཏེ་ཐོན་ལས་གཞན་སྒྱུར་དང་མཉམ་འདྲེས་འཕེལ་རྒྱས་ལ་ཕན་སྐུལ་གཏོང་རྒྱུའི་གཏན་འཁེལ་ཁ་གསལ་བྱས་ཡོད།