《གངས་དཀར་རི་བོ》དུས་དེབ་ཁང་གིས་བོད་རྒྱ་ཡིག་རྩོམ་པ་པོ་གསོ་སྦྱོང་འདི་འདབ་པ་རྫོང་ནས་གཉེར་བ།

ཆོས་དབྱིངས་ནོར་བུ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-15


        དཀར་མཛེས་ཁུལ་གྱི་རྒྱ་ཆེའི་བོད་རྒྱ་ཡིག་རིགས་ཀྱི་རྩོམ་པ་པོའི་གསར་རྩོམ་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། དཀར་མཛེས་ཁུལ་གྱི་རྩོམ་པ་པོའི་དཔུང་སྡེ་སྔར་བས་འཐུས་སྒོ་ཚང་བསྐྲུན་པ། རང་ཁུལ་གྱི་རྩོམ་རིག་གི་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཞིང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རིག་གནས་གསར་རྩོམ་གྱི་རྣམ་པ་བཟང་པོ་གཏོད་པ་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་མི་ཆད་པར་སྐོང་རྒྱུའི་ཆེད་དུ།    སྤྱི་ཟླ༨པའི་ཚེས༡༢ནས༡༤བར། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དྲིལ་སྒྲོགས་པུའུ་དང་དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། འདབ་པ་རྫོང་ཨུ་དྲིལ་སྒྲོག་པུས་གཙོ་གཉེར་བྱས་པ་དང་། འདབ་པ་རྫོང་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། གངས་དཀར་རི་བོའི་དུས་དེབ་ཁང་གིས་གཉེར་འགན་འཁུར་བའི༢༠༢༣ལོའི《གངས་དཀར་རི་བོ》དུས་དེབ་ཁང་གི་བོད་རྒྱ་རྩོམ་རིག་གསར་རྩོམ་གསོ་སྦྱོང་འཛིན་གྲྭ་དེ་འདབ་པ་རྫོང་ནས་བསྡུས། 

        མགོ་ཚུགས་ཚོགས་འདུའི་ཐོག་ནས།   ད་ཐེངས་འདིས་གསོ་སྦྱོང་ནི“རིག་གནས་དམངས་ཕན་འདུ་འགོད་ལ་གསར་གཏོད་ལག་བསྟར་བྱེད་པ”སོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་དང་ལག་ལེན་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་བརྒྱུད་སྤྲོད་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན་ལ།  སློབ་མ་ཚོས་ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ་ལྟ་རྒྱ་སྐྱེད་པ།   ཕུལ་བྱུང་གི་རྩོམ་རིག་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་དཀར་མཛེས་ཁུལ་རིག་གནས་ཉིན་བཞིན་དར་རྒྱས་ཕུན་སུམ་ཚོགས་སུ་འགྲོ་བ་དང་ཡུལ་སྐོར་ལྗོངས་རྒྱུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱིས་ལེགས་སྐྱེས་འབུལ་དགོས་པ་བསྟན། 

གསོ་སྦྱོང་འཛིན་གྲྭའི་ཐོག་རྒྱལ་ནང་ལ་མིང་དུ་འཆད་ཁྲིད་མཁན་སྐོར་ཞིག་ཆེད་དུ་གདན་ཞུ་བྱས་པ་སྟེ།  ཧི་མ་ལ་ཡའི་རིག་གཞུང་གི་ཕྱི་ནང་གསང་གསུམ་ལ་དམིགས་པའི་ཞིབ་འཇུག་མཁན་ལྟག་ཨོ་རྒྱན་ཆོས་འཕེལ་མཆོག་གིས《ལྷ་སྒྲུང་དང་འབྲེལ་བའི་གཏམ》ཞེས་པའི་བརྗོད་གཞི་འི་ཐོག་ནས་འཆད་ཁྲིད་གནང་བ་དང་།   སྒྲུང་རིང《གངས་འདབ་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》སྒྲུང་འབྲིང《ཟ་འཕྲུག》གི་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས《སྙན་ངག་འཚོ་བ་དང་སྙན་ངག་གི་འཇིག་རྟེན》ཞེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཁྲིད་བྱས་ཤིང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།  སྒྲུང་རིང《མེ་ཏོག་དང་རྨི་ལམ》གྱི་རྩོམ་པ་པོ་ཚེ་རིང་དབྱངས་སྐྱིད་ཀྱིས《གསར་རྩོམ་གྱི་མྱོང་བ་བརྗོད་པ》ཞེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཁྲིད་གནང་བ་རེད།    

        སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་སྐལ་བཟང་ནོར་བུས་གསར་འགོད་པར་བཤད་རྒྱུ།   “ང་རང་གསར་རྩོམ་གྱི་ལས་ལ་ཐོག་མ་འཇུག་མཁན་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་གངས་དཀར་རི་བོའི་དུས་དེབ་ཀྱི་བོད་རྒྱ་རྩོམ་པ་པོ་གསོ་སྦྱོང་ཚོགས་འདུ་ལ་ཞུགས་ཏེ། རང་ཁུལ་གྱི་བོད་རྒྱ་རྩོམ་པ་པོ་རྣམས་དང་གདན་ཐོག་གཅིག་ཏུ་འཛོམས་ནས་མཉམ་དུ་སློབ་སྦྱོང་གི་སྐལ་བ་ལྡན་ཏེ། ཕན་ཚུན་ངོ་ཤེས་སུ་གྱུར་ནས་བསམ་བློ་བརྗེ་རེས་དང་མྱོང་ཚོར་བགྲོ་གླེང་གི་གོ་སྐབས་བྱུང་བ་དེས་རང་ཉིད་ཀྱི་གསར་རྩོམ་གྱི་ལམ་བུ་ལ་སྔར་བས་རེ་སྨོན་དང་འོད་སྣང་ལྡན་པར་འགྱུར་ཞིང་། ཁྱད་པར་དུ་རྒྱལ་ནང་དང་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་འགའ་ཡི་འཆད་ཁྲིད་ལ་ཉན་པའི་སྐལ་བ་ལྡན་པས། སྔར་མེད་ཀྱི་བློ་སྐྱེད་དང་གསར་རྩོམ་གྱི་སྤོབས་པ་བླ་མེད་ཅིག་སྩོལ་བྱུང་བས། གངས་དཀར་རི་བོའི་དུས་དེབ་ཁང་གི་དབུ་ཁྲིད་རྣམ་པ་དང་རྩོམ་སྒྲིག་པ་ཡོངས་ལ་བཅོས་མིན་སྙིང་ནས་བཀའ་དྲིན་ཡང་ཡང་ཞུ་བ་ལགས། སླད་ཕྱིན་ཡུལ་གངས་ཅན་གྱི་རྩོམ་རིགས་ཀྱི་བསྟན་པ་སྔར་ལས་རྒྱས་ཞིང་གངས་དཀར་རི་བོའི་དུས་དེབ་ཀྱི་མདུན་རྒྱང་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་འདུན་ཞུའོ།།”

   

        ལི་ཐང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཆོས་དབྱིངས་རྒྱ་མཚོས་གསར་འགོད་པར་བཤད་རྒྱུ།“ ཐེངས་འདིར་དུས་དེབ《གངས་དཀར་རི་བོ》ཡི་བོད་རྒྱ་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ་ཚོར་སྣང་ཟབ་ཤོས་གཉིས་བྱུང་། གཅིག་ནི་ཐེངས་འདིའི་འཆད་ཁྲིད་དགེ་རྒན་རྣམས་ནི་ཏན་ཏན་རྩོམ་རིག་སྒྱུ་རྩལ་གྱི་ཕྱོགས་ལ་གཞན་དྲིང་མི་འཇོག་པའི་རྩོམ་པ་པོ་གྲགས་ཅན་ཤ་སྟག་ཡིན་པ་དང་། དེ་བཞིན་དུ་འཆད་ཁྲིད་ཀྱི་ནང་དོན་ཡང་ཕུན་སུམ་ཚོགས་ཤིང་ཚོགས་ཞུགས་སློབ་མ་ཚོར་བློ་སྐྱེད་ཐོབ་ངེས་པའི་ནང་དོན་འབའ་ཞིག་ཏུ་མཐོང་། གཉིས་སུ་ཐེངས་འདིའི་ཚོགས་ཞུགས་སློབ་མ་ཚོར་མཚོན་ན་ཡང་ཕལ་ཆེ་བ་རྩོམ་རིག་དོན་གཉེར་ཅན་ཁོ་ན་ཡིན་པ་དང་། འཆད་ཁྲིད་རེ་རེ་བཞིན་ལེགས་པར་གསན་ནས་སོ་སོའི་རྩོམ་རིག་གི་ལམ་ཁར་འཕྲད་བཞིན་པའི་གནད་དོན་མང་པོ་ཞིག་ཐག་གཅོད་པར་ཕན་ཐོགས་ཆེན་པོ་བྱུང་བར་འདོད། ”

        གསོ་སྦྱོང་འཛིན་གྲྭའི་གཞུག་ཏུ་བགྲོ་གླེང་གི་རྣམ་པ་བརྒྱུད་དེ《གངས་དཀར་རི་བོ》དུས་དེབ་ཀྱི་བོད་རྒྱ་ཡིག་རིགས་པར་མ་སོ་སོའི་མི་འདང་ས་དང་།  འཐུས་སྒོ་ཚང་དུ་གཏང་དགོས་ས།   དུས་དེབ་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏང་ཐབས་སོགས་ཀྱི་ཐད་ལ་གསོ་སྦྱོང་འཛིན་གྲྭ་རུ་ཞུགས་པའི་སློབ་མ་ཡོངས་ཀྱིས་ཁ་ཚ་དགོས་གཏུག་དང་།  ཁ་ཡོད་ལག་ཡོད། ཁ་ཞེ་གཉིས་མེད་བཅས་ཀྱི་ཐོག་ནས་བསམ་འཆར་ལྷུག་པོར་བརྗོད་པ་སོགས་བྱས།   

        འདབ་པ་རྫོང་ཨུ་རྒྱུན་ཨུ། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་དབོན་བྷོ་དང་། 《གངས་དཀར་རི་བོ》དུས་དེབ་ཁང་གི་གཙོ་སྒྲིག་པ་ལོ་བརྒྱ་པདྨ། འདབ་པ་རྫོང་གི་འབྲེལ་ཡོད་ལས་ཁུངས།  དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ།  རང་ཁུལ་གྱི་ནུབ་རྒྱུད་རྫོང་ཁག་ལྔའི་རྩོམ་པ་པོ་དང་། གཞན་རྩོམ་ཞེན་པ་སྐོར་ཞིག་བཅས་ཁྱོན་ལ་མི༧༠ལྷག་ཙམ་ཐེངས་འདིའི་གསོ་སྦྱོང་ནང་དུ་ཞུགས།

          


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1