གཉའ་གཅོག་མཛད་སྒོ་སྤེལ་སོང་། ལོ་ལེགས་རྟེན་འབྲེལ་འགྲིག་སོང་།

གསར་འགོད་པ། མིག་དམར་རྒྱ་མཚོ། བསྟན་པ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 03-20


དཔྱིད་ཀྱི་དཔལ་ཡོན་གངས་ལྗོངས་ས་མཐོར་བཞད་པ་དང་བསྟུན། བོད་ལྗོངས་ཀྱི་ས་ཆ་མང་པོས་སྲོལ་རྒྱུན་གྱི་གནམ་རིག་སྐར་རྩིས་ལྟར། སྤྱི་ཟླ་3པའི་ཚེས་16ཉིན་དཔྱིད་རྨོད་དཔྱིད་འདེབས་ཀྱི་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བཞིན་འདུག

ང་ཚོ་གསར་འགོད་པའི་ཚོགས་ཆུང་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་སྣེ་མོ་གྲོང་ཚོར་འབྱོར་སྐབས་གྲོང་མི་རྣམས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་། བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་གྲ་སྒྲིག་ལེགས་པར་བྱས་ནས་བསྡད་འདུག ཞོགས་པའི་ཆུ་ཚོད་10པར། དཔྱིད་དཔལ་བཞད་པའི་གྲོང་ཚོའི་ཞིང་ཐང་གྲུ་བཞིའི་སྟེང་གྲོང་མི་ཚོས་རྨོད་གཉའ་གཅོག་པའི་མཛད་སྒོ་དངོས་སུ་འགོ་བཙུགས་པ་དང་། ཐོག་མར་སྲོལ་རྒྱུན་གྱི་གཞས་ཆེན་བཏང་བ་དང་། དེ་ནས་གླུ་ལེན་གར་འཁྲབ་ལ་མཁས་པའི་ཕོ་མོ་རྒན་གཞོན་ཁག་གིས་རུ་སྟར་སྒྲིག་ནས་བཀྲ་ཤིས་པའི་དུས་སྟོན་གྱི་གླུ་དབྱངས་ལེན་པ། གྲོང་མི་གཞན་ཚོས་གཞས་པ་གཞས་མ་རྣམས་ལ་རྟེན་འབྲེལ་གྱི་མཇལ་དར་བསྒྲོན་པ་དང་། ཕྱེ་མར་བཀྱག་པ། མཆོད་ཆང་ཞུ་བ་སོགས་དང་ཆབས་ཅིག་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་བཟང་པོ་ཡང་ཞུ་རེས་བྱེད་བཞིན་འདུག

དེ་རྗེས་ཕོ་གཞོན་བཞི་བཅུ་ཙམ་གྱི་དར་ཚོན་སྣ་ལྔས་བརྒྱན་པའི་ཐོ་ཕྲུག་གི་ལྡིར་སྒྲ་དང་བཅས་དཔྱིད་རྨོད་དཔྱིད་འདེབས་འགོ་བཙུགས་པ་དང་། ཞིང་ནང་དུ་བུད་མེད་ཚོས་ལོ་ལེགས་ཡོང་བའི་རེ་བའི་ས་བོན་གཏོར་བཞིན་འདུག

ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་གོང་མཐོར་ཕྱིན་པ་དང་བསྟུན། མཚོ་སྟོད་ཤང་སྣེ་མོ་གྲོང་ཚོའི་སྲོལ་རྒྱུན་ཞིང་འདེབས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཟམ་མི་ཆད་པར་བྱུང་བ། གཉེར་སྐྱོང་བྱ་ཐབས་ཀྱང་ཞིང་དུད་ནས་གྲོང་ཚོའི་ཐུན་མོང་ཕྱོགས་སུ་འཕེལ་རྒྱས་བྱུང་ཡོད།

ས་མཐོའི་ཞིང་པ་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་མཛད་སྒོ་དེའང་ད་ལྟ་བོད་ལྗོངས་ཀྱི་རྨོ་འདེབས་རིག་གནས་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད། དཔྱིད་འདེབས་ཀྱི་དུས་ཚིགས་འདིར། ཞིང་པ་རྣམས་ཀྱིས་དཔྱིད་ཀྱི་རེ་བ་དང་ས་བོན་དུས་གཅིག་ཏུ་ཞིང་ས་གཤིན་པོའི་ཐོག་ཏུ་བཏབ་པ་དང་བློ་གྲོས་དང་རྔུལ་ཆུ་ལ་བརྟེན་ནས་ལྗིད་ཏིག་ཏིག་གི་ལོ་ལེགས་དུས་བཟང་འཆར་བའི་རེ་སྒུག་བྱེད་བཞིན་འདུག །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1