དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དགེ་རྒན་ཚོར་ཐུགས་རེ་འདི་འདྲ་གནང་འདུག

ལོ་ཙཱ། ལྷ་འཛོམས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 09-10


ཧྲེན་དབྱང་གིས་དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ་ལས་ཡུལ་གྱི་སློབ་གསོའི་ལས་དོན་པར་འཚམས་འདྲི་གནང་།

དཀར་མཛེས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་དོན་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བ་དགེ་རྒན་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་བྱམས་བརྩེའི་ཁམས་འདྲི་ཞུས།

དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པ་འཆར་བའི་སྐབས་དང་བསྟུན་ནས་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དཀར་མཛེས་རྫོང་དང་སྡེ་དགེ་རྫོང་གི་སློབ་གྲྭ་ཁག་གཅིག་ཏུ་དགེ་རྒན་དང་སློབ་གསོའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཤེས་ལྡན་མི་སྣ་དང་སློབ་གསོའི་ལས་དོན་པར་འཚམས་འདྲི་གནང་བར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་དགེ་རྒན་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་ཁམས་འདྲི་ཞུས་པ་རེད།   ཁོང་གིས་ཚང་མར་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གཟི་བརྗིད་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་ལ་འཁྱོལ་བ།  ཏང་དང་མི་དམངས་བློ་ཡིད་ཚིམ་པའི“བཞི་ལྡན”དགེ་རྒན་བཟང་པོ་བྱ་རྒྱུར་བརྩོན་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་པ་ཕུལ་དུ་བྱུང་བ་དེ་བས་མང་བ་གསོ་སྐྱོང་བྱ་དགོས་པའི་སྐུལ་ལྕག་གནང་བ་རེད།

དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བསྐུལ་རྒྱུ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་བྱེད་པའི་དམངས་འཚོའི་དོན་ཆེན་ཞིག་རེད། ཧྲེན་དབྱང་དཀར་མཛེས་རྫོང་ནོར་བུ་གླིང་སློབ་འབྲིང་གཉིས་པ་དང་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་དགེ་སློབ་ཚོའི་ཟ་སྡོད་ཆ་རྐྱེན་སོགས་ལ་གཟིགས་ཞིབ་ནན་ཏན་གནང་བ་དང་། རྒྱ་ཆེ་བའི་དགེ་རྒན་རྣམས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མའི་ལས་ཀ་དང་འཚོ་བ། བདེ་ཐང་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་དང་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་སློབ་གསོའི་ལས་དོན་པས་གཟི་བརྗིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཤིང་། ཆ་རྐྱེན་དང་དཀའ་ཚེགས་ལ་མ་བལྟོས་པར་འཆད་ཁྲིད་སྟེགས་བུའི་ཐོག་དཀའ་སྤྱད་འབད་འབུངས་དང་བྱས་རྗེས་ཧུར་ཐག་ཕུལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སློབ་གསོའི་ལས་དོན་པའི་ཐོག་མའི་བསམ་འདུན་འགན་འཁྲི་དང་སྒེར་སེམས་མེད་པར་བྱས་རྗེས་འབུལ་བའི་སྙིང་སྟོབས་སྟོན་པ་དང་། རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཕུལ་བྱུང་གི་ཤེས་ལྡན་མི་སྣ་ཁག་དང་ཁག་གསོ་སྐྱོང་བྱས་ཡོད། དགེ་རྒན་གྱི་ལས་རིགས་ནི་གཟི་བརྗིད་ཆེ་ལ་བླ་ན་མེད་པ་ཞིག་ཡིན་པས་རྒྱ་ཆེ་བའི་སློབ་གསོའི་ལས་དོན་པས་ཐོག་མཐའ་བར་གསུམ་དུ་རང་གནས་སུ་གཞི་ཚུགས་པ་དང་སློབ་གསོ་སྐྱོང་ཤིང་དགེ་དཔེ་གཞན་སྟོན་བྱས་ཏེ་བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་སྐྱེད་སྲིང་དང་། ལས་སྒོའི་བྱང་ཚད་མཐོར་འདེགས། སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་སྤྲོ་སེམས་རྒྱུན་འཁྱོངས་ཏེ། བསམ་བློ་ཆབ་སྲིད་དང་ཁ་བཤད་བྱ་སྤྱོད། ཀུན་སྤྱོད་གཤིས་རྒྱུད་བཅས་ཀྱི་ཐད་ཚད་ཤིང་དུ་བྱེད་པ། སེམས་ནུས་ཡོད་རྒུས་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཞབས་ཞུ་དང་སྐུལ་འདེད་གཏོང་རིང་བྱས་རྗེས་གསར་པ་གཞག་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྲེན་དབྱང་གིས་ལོ་བརྒྱའི་ཇུས་ཆེན་ནི་སློབ་གསོ་རྩ་བར་འཛིན་པ་ཡིན་པས།  ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་སློབ་གསོ་སྔོན་ཐོབ་འཕེལ་རྒྱས་གཏོང་བའི་གནས་བབ་ཏུ་ཐོག་འཇོག་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་བྱ་རྒྱུ་ཁ་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་བྱས་ཏེ་སློབ་གསོ་ཕྱོགས་བསྡུས་བསྒྱུར་བཅོས་ཟབ་ཏུ་སྤེལ་རྒྱུའི་སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བྱ་ཐབས་ཁག་དོན་ལ་འཁྱོལ་བ་དང་། སློབ་གསོ་དང་སློབ་ཁྲིད་དོ་དམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་ཁག་ཅིག་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་དཀར་མཛེས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རྒྱུན་ཆད་མེད་པར་བསྐུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཁུལ་མགོ་ཁྲིད་སྐལ་བཟང་གཡུང་དྲུང་དང་ཡོན་ཀང་དང་། སྡེ་དགེ་རྫོང་། དཀར་མཛེས་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་འཚམས་འདྲིར་ཞུགས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1