ད་ལོའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། དྭངས་གཙང་གི་དཀར་མཛེས་འདི་ཉིད་སླར་ཡང་ཡུལ་སྐོར་བ་མང་པོའི་ཡིད་དབང་འཕྲོག་པའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ་9ཚེས་15ཉིན་ནས་ཚེས་17ཉིན་བར། དཀར་མཛེས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་58.31(དེའི་ནང་Aརིམ་པའི་མཛེས་ལྗོངས་ཁུལ་དུ་མི་ཁྲི་14.78)ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་གྱི་ཡོང་འབབ་ཁྱོན་སྒོར་ཁྲི་61588.26(དེའི་ནང་སྤ་སེའི་ཡོང་འབབ་སྒོར་ཁྲི་188.74)བྱུང་ཡོད། དཀར་མཛེས་ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད་པ་དང་། བདེ་འཇགས་ཐད་ཀྱི་དོན་རྐྱེན་ཆེན་པོ་དང་ཡུལ་སྐོར་ཞུ་གཏུག་དོན་རྐྱེན་གང་ཡང་བྱུང་མེད།
ད་ཐེངས་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རར་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་། ལམ་ཐག་ཐུང་འབྲིང་གི་འགྲུལ་པ་དང་། དགོས་མཁོ་སྣ་ཚོགས་བསྐོང་བའི་ཡུལ་སྐོར་ཐོན་རྫས། ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར་བྱེད་སྒོ་སོགས་ཕྱོགས་གང་ཅིའི་ཐད་ནས་ཤུགས་བརྒྱབ་སྟེ། ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཡོད། ཁྲུང་ཆིང་དང་ཁྲེང་ཏུའུ། དེ་བཞིན་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་ཁག་སོགས་ལམ་ཐག་ཐུང་འབྲིང་གི་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བས་བཅུ་ཆ་བརྒྱད་ལྷག་བཟུང་ཡོད་པ་དང་། གངས་དཀར་རི་བོའི་རིག་གནས་ཡུལ་སྐོར་ཁུལ་གྱི་ལམ་ཐིག་དང་། ཤམ་བྷ་ལའི་ཡུལ་སྐོར་ལམ་ཐིག རྒྱལ་ལམ་317ས་མཐོའི་དར་གོས་ལམ་བུའི་རིག་གནས་བར་ཁྱམས་ཡུལ་སྐོར་ཁུལ་སོགས་ཀྱི་འགྲུལ་པས་བཟུང་བའི་བསྡུར་ཚད་ནི་ཁག་སོ་སོར་ 74.81%དང་། 15.60% 9.59%བཅས་ཡིན། ཚ་གཡོལ་ཡུལ་སྐོར་དང་། གཉེན་ཐུག་ཡུལ་སྐོར། སྤྲོ་གསེང་ཡུལ་སྐོར། གསར་བརྗེའི་ཡུལ་སྐོར་བཅས་ནི་འཛད་སྤྱོད་བྱ་གཞི་གཙོ་བོར་གྱུར་བ་དང་། ལྕགས་ཟམ་རྫོང་དང་དར་མདོ་སོགས་རྒྱལ་ལམ་318རྒྱུད་དུ་སྒར་རྒྱག་ཞག་སྡོད་བྱ་རྒྱུར་ན་གཞོན་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། སྐད་གྲགས་ཆོད་པའི་ཡུལ་སྐོར་ས་ཚིགས་སུ་ཕྱིན་ནས་མྱོང་རོལ་བྱ་རྒྱུར་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ཟླ་མཆོད་དུས་ཆེན་རིང་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཡུལ་སྐོར་བ་མང་པོ་བྱེད་སྒོའི་ནང་ཞུགས་པར་ཡིད་དབང་བཀུག་ཡོད་པ་དང་། ཡུལ་སྐོར་བར་གནའ་དེང་མཉམ་འདྲེས་ཀྱི་མྱོང་བ་བཟང་པོ་མཁོ་འདོན་བྱས་ཤིང་། དུས་ཆེན་གྱི་རྣམ་པ་ཟབ་ཏུ་བཏང་ཡོད རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱས་པ་དང་། ཁུལ་དང་རྫོང་གི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་འགོ་ཁྲིད་མི་སྣས་ཚན་པའི་སྣེ་ཁྲིད་པ་དང་ཆུ་ཚོད་24ཡི་ལས་རེས་ཆེད་མི་བཀོད་སྒྲིག་ལམ་ལུགས་ལག་བསྟར་བྱས་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡང་ན་ཡུལ་སྐོར་ལམ་བར་གྱི་གལ་ཆེའི་ས་ཚིགས་སུ་དང་བླངས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་23བཙུགས་ནས་ཡུལ་སྐོར་བར་བློ་འདྲི་དང་ཆུ་ཁོལ་མ་མཁོ་འདོན་སོགས་རྨང་གཞིའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱས་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལས་དོན་མི་སྣས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ཞབས་ཞུའི་ལས་དོན་འགན་ལེན་བྱས་ནས་ཕན་འབྲས་ཆེ་བའི་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱས་ཡོད་པ་རེད། །