སྤྱི་ཟླ་9པའི་ཚེས་21ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རིག་རྩལ་ལེ་ཚན་ལྟེ་གནས་ཀྱིས་གཉེར་བའི《རི་ཀླུང་རི་མོ་བཞིན་མཛེས།》ཞེས་པའི་རོལ་དབྱངས་འདུ་ཚོགས་མཛོད་དགེ་རྫོང་དུ་སྤེལ། འཛམ་གླིང་ལ་མཛོད་དགེའི་རྨ་ཆུའི་མཛེས་ལྡན་སྐྱེད་ཚལ་གྱི་ངོ་མཚར་ངོམ་བཞིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་75ལོན་པར་ལེགས་སྐྱེས་ཕུལ།
མཛོད་དགེ་རྫོང་ནི་མཚོ་བོད་ས་མཐོའི་བྱང་ཤར་མཚམས་སུ་གནས་པ་དང་། སི་ཁྲོན་ཁོངས་སུ་རྒྱུག་པའི་རྨ་ཆུའི་གཞུར་རྒྱུན་རིང་ཤོས་དང་བཞུར་རྒྱ་ཆེ་ཤོས་ཀྱི་རྫོང་ཞིག་རེད། ལོ་མང་རིང་མཛོད་དགེ་རྫོང་གིས་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚན་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་དམིགས་ནས། བརླན་སའི་སྐྱེ་ཁམས་སླར་གསོ་དང་རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་སོགས་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པ་ལག་ལེན་དུ་བསྟར་ནས་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་མངོན་གསར་བྱས་ཏེ། མཛོད་དགེ་རྫོང་དུ་རྨ་ཆུའི་སྐྱེ་ཁམས་མཛེས་ལ་རིག་གནས་ཀྱི་དཔལ་ཡོན་རྒྱས་པ། ཡུལ་སྐོར་གྱི་མཛེས་ལྗོངས་ལེགས་པོ་མངོན་ཡོད། རྨ་ཆུའི་བརྗིད་ཉམས་ལྡན་པའི་རོལ་དབྱངས་དེས་རྨ་ཆུའི་འགྲམ་རྒྱུད་ཀྱི་བུ་རབས་ཚ་རྒྱུད་ཁྲི་སྟོང་མང་པོའི་བདེ་སྐྱིད་ཀྱི་འཚོ་བ་ཀུན་ལ་གསལ་པར་བྱས།
ལེ་ཚན་ཕབ་ལེན་གྱི་ཡུལ་དངོས་སུ་ས་གནས་ཀྱི་སློབ་ཆུང་སློབ་མ་ཚོས《ཉི་མ་ཤར་བ་སྐྱིད།》དང《ང་དང་ངའི་མེས་རྒྱལ།》སོགས་ཀྱི་གླུ་སྒྲ་ལྷང་ལྷང་དུ་གྲགས་ནས་མེས་རྒྱལ་དང་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན། ཆའང་གླིང་དལ་གྱིས་འབུད་པའི་གནའ་བོའི་རོལ་དབྱངས་ཀྱི་འགྱུར་ཁུག་ལས་རྨ་ཆུ་དང་མཛོད་དགེའི་ངོ་མཚར་གཏམ་རྒྱུད་ལྷུག་པར་བརྗོད། འཁྲབ་སྟོན་དེ་དག་ནི་སྒྱུ་རྩལ་གྱི་མཚོན་ཚུལ་ཞིག་ཡིན་ལ་རྨ་ཆུའི་ཉམས་འགྱུར་དང་མི་རིགས་ཀྱི་སྙིང་སྟོབས་ལེགས་པོར་མངོན་སྟངས་ཤིག་ཀྱང་ཡིན། རོལ་དབྱངས་འདུ་ཚོགས་ནི་ལྡེ་མིག་དང་འདྲ་བར་རྨ་ཆུའི་ངོགས་ཀྱི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་སྒོ་མོ་ཕྱེ་ནས། མི་རྣམས་ལ་མཛེས་ལྗོངས་མྱོང་རོལ་བྱེད་ཞོར་རིག་གནས་ཤུལ་བཞག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བློ་ལ་གསལ་པོར་ངེས་ཐུབ་པར་བྱས།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་བརྙན་འཕྲིན་ལས་ཁུངས་རིག་རྩལ་ལེ་ཚན་ལྟེ་གནས་ཀྱི་འཁྲབ་ཁྲིད་པ་ལེའང་རུང་གིས་ང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་རྨ་ཁུག་དང་པོའི་མཛེས་ལྗོངས་ཁུལ་དུ་འབྱོར་ཐེངས་དང་པོ་ཡིན། གཙོ་བོ་ང་ཚོའི་ལེ་ཚན་རི་ཀླུང་རི་མོ་བཞིན་མཛེས་ཞེས་པའི་རྨ་ཆུའི་སྡེབ་སྒྲོག་རྒྱལ་སྟོན་རོལ་དབྱངས་འདུ་ཚོགས་ཕབ་ལེན་ལ་ཡོང་བ་ཡིན། གནས་འདི་ནི་རྨ་ཆུའི་བཞུར་རྒྱུན་ཞིང་ཆེན་དགུ་ལ་རྒྱུད་པའི་འགོ་ཁུངས་རེད། རི་ཀླུང་མཛེས་ལ་མི་གཞི་ལེགས་པའི་མཛོད་དགེ་འཛམ་གླིང་ཀུན་ལ་གསལ་བར་བྱེད་པའི་རེ་བ་ཡོད་ཅེས་བཤད།
རྒྱུས་ལོན་པ་ལྟར་ན། རྣམ་གྲངས་དེ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་རིག་རྩལ་ལེ་ཚན་ལྟེ་གནས་ཀྱིས་རྒྱལ་སྟོན་སྔོན་ལ་གྲ་སྒྲིག་བྱས་པའི“རྨ་ཆུའི་སྡེབ་སྒྲོག་རོལ་དབྱངས་”ཞེས་བརྗོད་དོན་དུ་གྱུར་བའི་ཕྱི་རོལ་གྱི་དངོས་ལྗོངས་ལེ་ཚན་ཞིག་ཡིན་པ་དང་། ལེ་ཚན་དེ་རྒྱལ་སྟོན་གུང་གསེང་སྐབས་རིག་རྩལ་ལེ་ཚན་ལྟེ་གནས་ཀྱི་འབྲེལ་ཡོད་འཕྲིན་སྟེགས་དང་བརྙན་ལམ། སྨྱན་སྦྱོར་གསར་པ་བཅས་ཀྱི་སྟེགས་བུའི་ཐོག་སྟོན་འཆར་ཡོད། ལེ་ཚན་འདི་བརྒྱུད་མཛོད་དགེ་རྫོང་དེ་མི་རྣམས་ཀྱིས་ཡིད་སྨོན་འཆོར་བའི་ཡུལ་སྐོར་གནས་མཆོག་དང་རིག་གནས་ཀྱི་མཆོག་ནོར་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད། །