སྐབས་བཅུ་དྲུག་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཝུའུ་རུམ་མུ་ཆི་ནས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-03


  ཉེ་ལམ། ཞིན་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་(ལོ་ཙྰ་ཅུས།)གཙོ་སྒྲུབ་གནང་པའི་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དཔྱད་གླེང་ཚོགས་འདུ་འཚོགས་འགོ་ཚུགས། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རང་སྐྱོང་ས་ཁུལ་དང་རང་སྐྱོང་ཁུལ་14ནས་ཕེབས་པའི་མི་རིགས་20ལྷག་དང་སྐད་རིགས་19ཡི་འཐུས་མི་དང་འབྲེལ་ཡོད་ཆེད་རམས་པ་དག་ཝུའུ་རུམ་མུ་ཆི་ལ་འཛོམས་ཏེ་རང་རྒྱལ་གྱི་མི་རིགས་སྐད་ཡིག་སྲིད་ཇུས། ལོ་ཙཱའི་གཞུང་ལུགས་དང་ལག་ལེན། དེང་སྐབས་ལོ་ཙཱའི་ལས་དོན་ཁྲོད་འཕྲད་པའི་གནད་དོན་དང་གོ་སྐབས་སོགས་ལ་དཔྱད་ཞིབ་མཛད།

  རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱ་རིག་གཞུང་དཔྱད་གླེང་ཚོགས་འདུ་ནི་ཀྲུང་གོ་ལོ་ཙཱའི་མཐུན་ཚོགས་མི་རིགས་སྐད་ཡིག་ལོ་ཙཱའི་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་ཀྲུང་གོ་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་ཀྱིས་གཙོ་སྒྲུབ་གནང་པའི་རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་སྡེ་ཡི་ལོ་གཉིས་ལ་ཐེངས་རེར་སྤེལ་པའི་ཚོགས་འདུ་ཞིག་ཡིན་པ་རེད། བགྲོ་གླེང་ཚོགས་འདུ་འདི་སྤྱི་ལོ་1985ལོའི་ཟླ་8པའི་ནང་ཝུའུ་རུམ་མུ་ཆི་ནས་ཐེངས་དང་པོར་འཚོགས་པ་ནས་བཟུང་རིམ་པ་སོ་སོའི་དབུ་ཁྲིད་དག་གིས་དོ་སྣང་ཆེན་པོ་མཛད། སྔ་རྗེས་སུ་ཞིན་ཅང་དང་བོད་ལྗོངས། མཚོ་སྔོན། ནང་སོག ཅི་ལིན། ཧེ་ལུང་ཅང་། ཀོང་ཞི། སི་ཁྲོན།  ཀུའེ་ཀྲོའོ། ཀན་སུའུ་སོགས་འབྲེལ་ཡོད་ཞིང་ཆེན་གྱིས་རིམ་བཞིན་སྤེལ་ཞིང་བགྲོ་གླེང་ཚོགས་འདུ་འདི་ད་ལྟ་རྒྱལ་ཡོངས་སྐད་ཡིག་ལོ་ཙཱའི་སྡེ་ཡི་ཆེས་མིང་དུ་གྲགས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཞིག་ཏུ་གྱུར་ཡོད་པ་རེད།

  ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲང་ཧྲི་པིན་གྱིས་ལོ་ཙཱའི་བགྲོ་གླེང་ཚོགས་འདུའི་སྟེང་ལོ་ཙཱའི་ལས་དོན་གྱིས་གདོང་གཏོད་དགོས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཤིང་མི་རིགས་སྐད་ཡིག་ལོ་ཙཱའི་འོས་འགན་གསར་པ་དང་བསམ་བློ་གསར་པ། རེ་བ་གསར་པ་གསལ་པོར་བསྟན་པ་མ་ཟད། དེ་མིན་འབྱུང་འགྱུར་ལོ་ཙཱའི་འཕེལ་རྒྱས་དང་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ལེགས་པོ་ཞིག་བསྒྲུབ་པའི་ཐད་ལ་དགོངས་འཆར་ལེགས་པོ་བཏོན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1