ཞི་ཅིན་ཕིང་གིས་སང་གྷ་ཕོར་ནས་སང་གྷ་ཕོར་གྱི་ཙུང་ལི་ལི་ཞན་ལོན་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-09


  སྤྱི་ཟླ་11པའི་ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་གྷ་ཕོར་ནས་སང་གྷ་ཕོར་གྱི་ཙུང་ལི་ལི་ཞན་ལོན་དང་གྲོས་མོལ་མཛད།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་སང་གྷ་ཕོར་ནི་དམིགས་བསལ་གྱི་མཛའ་གྲོགས་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་25ཡི་འཕེལ་རིམ་ལ་ཕྱིར་བལྟས་བྱས་ཚེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱིས་འཐབ་ཇུས་སྒྲིག་གཞི་དང་དུས་བསྟུན་མདུན་སྐྱོད། རྒྱ་སྐྱེད་གསར་གཏོད་རྒྱུན་འཁྱོངས་ལ་ཕན་པ་ཆེན་པོ་ཐོན་ཡོད། ཕྱོགས་གཉིས་ཀྱིས་འབྱུང་འགྱུར་ལ་ཕྱོགས་ཏེ་ཆབ་སྲིད་ཡིད་ཆེས་དང་མཐོ་རིམ་སྣེ་ཁྲིད་ལ་སྐུལ་འདེད། དངོས་དོན་མཉམ་འབྲེལ་དང་མཉམ་འབྲེལ་མཉམ་རྒྱལ་གྱི་འཕེལ་རྒྱས་ལ་ཤུགས་སྣོན་བྱ་དགོས། ཁྲུང་ཆིང་ལྟེ་གནས་ཡིན་པའི་ལས་གཞིའི་འཁོར་སྐྱོད་ཀྱི་ཀྲུང་གོ་དང་སང་གྷ་ཕོར་ཀྱི་ཕྱོགས་གསུམ་པའི་སྲིད་གཞུང་བར་གྱི་མཉམ་འབྲེལ་ལས་གཞི་མགྱོགས་མྱུར་ངང་འགོ་ཚུགས་དགོས།  གོམ་གང་མདུན་སྤོས་སྒོས་བཟོ་ཚོང་དངུལ་འཇོག་མཉམ་ལས་རྒྱ་བསྐྱེད་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིའི་སྒྲོམ་གཞི་ཁྲོད་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཚོང་ར་ཨང་གསུམ་པ་གསར་འབྱེད་པའི་མཉམ་འབྲེལ་རྣམ་པར་གྲོས་མོལ་བྱ་དགོས། མི་ཆོས་རིག་གནས་ཀྱི་བརྗེ་རེས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ན་གཞོན་དང་སློབ་ཆེན་སློབ་མའི་བརྗེ་རེས་ལེགས་པོ་བསྒྲུབ་དགོས། སློབ་གསོའི་མཉམ་འབྲེལ་གྱི་ཁྱབ་ཁོངས་གསར་དང་རྣམ་པ་གསར་བ་རྒྱ་སྐྱེད་དེ་མི་ཤུགས་ཐོན་ཁུངས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་དང་རིག་གནས་མཉམ་འབྲེལ་ཆུ་ཚད་མཐོར་འདེགས་སུ་གཏང་དགོས། ཚན་རྩལ་གསར་གཏོད་དང་ལྗང་འགྱུར་འཕེལ་རྒྱས། དེང་རབས་ཞིང་ལས་སོགས་ཀྱི་ཁྱབ་ཡོངས་ཀྱི་མཉམ་འབྲེལ་དང་བརྗེ་རེས་གཏིང་ཟབ་ཏུ་གཏང་དགོས། དེ་མིན་སྤྱི་ཚོགས་གཉེར་སྐྱོང་དང་ཁྲིམས་བསྟར་བདེ་འཇགས་སོགས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་རྒྱལ་ཁོངས་བརྒལ་པའི་ཉེས་ཅན་ལ་རྡུང་རྡེག་བྱ་དགོས་ཞེས་བསྟན།།

  ལི་ཞན་ལོན་གྱིས་སང་གྷ་ཕོར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་རུ་ལེགས། སང་གྷ་ཕོར་དབུ་བརྙེས་ནས་ལོ་འཁོར་50ལོན་པ་དང་ཀྲུང་གོ་དང་སང་གྷ་ཕོར་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་25ལོན་པའི་སྐབས་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སང་གྷ་ཕོར་ལ་རྒྱལ་དོན་འཚམས་འདྲིར་གནང་བར་དོན་སྙིང་ཆེན་པོ་ཡོད། འདིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འབྲེལ་བར་དུས་རབས་གསར་པ་ཞིག་གི་འགོ་བརྩམས། སང་གྷ་ཕོར་གྱི་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ས་ཁུལ་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། སང་གྷ་ཕོར་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་དང་རྒྱལ་ཁབ་བཅུ་གཉིས་ཀྱི་ཚོགས་པ་སོགས་རྒྱལ་སྤྱི་དང་ས་ཁུལ་ལས་ཀའི་ཁྲོད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད། དམངས་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་སྟེ་ལྷག་པར་དངུལ་ལེན་དབང་ཆའི་དངུལ་ལོར་གྲས་སུ་ཚུད་པར་རྒྱབ་སྐྱོར་བྱ་ངེས། སང་གྷ་ཕོར་ཕྱོགས་ནས་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་འགྲོ་བར་རྒྱབ་སྐྱོར་བྱ་ངེས། དེ་མིན་ལྷོ་མཚོའི་ཕྱོགས་སོ་སོའི་སྤྱོད་ལམ་བསྒྲགས་གཏམ།ལྟར་ལྷོ་མཚོ་དང་འབྲེལ་བའི་རྩོད་གླེང་འོས་མཐུན་སྒོར་ཐག་གཅོད་བྱ་ངེས་ཞེས་བསྟན།

  གྲོས་མོལ་མཇུག་རྫོགས་རྗེས། ཞི་ཅིན་ཕིང་དང་ལི་ཞན་ལོན་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་སྦྲེལ་མཉམ་མཐུད་དང་བཟོ་ཚོང་། རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན། གྲོང་ཁྱེར་གྱི་གཉེར་སྐྱོང་སྒྲིག་གཞི། སློབ་གསོ་དང་མཚོ་འགག་སོགས་ཀྱི་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་གྲོས་གཞིར་མིང་རྟགས་འགོད་པའི་མཛད་སྒོར་ཞུགས།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1