ལི་ཁེ་ཆང་གིས་ཧ་སག་སི་ཐན་གྱི་ཙུང་ལི་མཱ་ཞི་མོའོ་ཧྥུའུ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


  སྤྱི་ཟླ་12པའི་ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲི་དང་ཧྲང་ཧེ་མཉམ་འབྲེལ་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དབུ་ཁྲིད་ལས་འཛིན་ལྷན་ཚོགས་ཀྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཧ་སག་སི་ཐན་གྱི་ཙུང་ལི་མཱ་ཞི་མོའོ་ཧྥུའུ་དང་གྲོས་མོལ་མཛད།

  ལི་ཁེ་ཆང་གིས་མིག་སྔར་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས་ལ་མཐོ་རིམ་འགྲོ་འོང་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་འདུག་པར་མ་ཟད། ཕྱོགས་ཡོངས་ཀྱི་དངོས་དོན་མཉམ་འབྲེལ་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་འགྲོ་བཞིན་འདུག མིག་སྔའི་གནས་བབ་འོག་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་མཉམ་འབྲེལ་ཆུ་ཚད་འདེགས་སུ་གཏང་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་གོ་ཕྱོགས་ནས་ཧ་སག་སི་ཐན་དང་མུ་མཐུད་དུ་ཐུན་མོང་ངོས་འཛིན་ལག་བསྟར་བྱས་ཏེ་དངུལ་རྩ་དང་ཐོན་སྐྱེད། ཚོང་ལས། ཞབས་ཞུ་འཐུས་ཚང་བཅས་ཀྱི་ཐོན་སྐྱེད་མཉམ་འབྲེལ་རྣམ་པར་འཚོལ་ཞིབ་བྱ་འདོད་པ་དང་། དེ་མིན་ཀྲུང་གོ་ཕྱོགས་ནས་ཧ་སག་སི་ཐན་དང་མཉམ་དུ་བཟོ་ཚོང་སྒྲིག་གཞི་ལེགས་བཅོས་དང་ཞིང་ལས་བཟོ་ཚོང་རྒྱ་སྐྱེད། ནུས་ཁུངས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བ། དངོས་སྐྱེལ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད། ས་ཁུལ་མཉམ་སྦྲེལ་དྲ་བའི་ཆུ་ཚད་མཐོར་འདེགས་སུ་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་འདོད་ཅེས་བསྟན།

  མཱ་ཞི་མོའོ་ཧྥུའུ་ཡིས་ཧ་སག་སི་ཐན་ཕྱོགས་ནས་ཀྲུང་གོ་ཕྱོགས་ནས་བཏོན་པའི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ། ཀྲུང་གོའི་བཟོ་སྐྲུན་2025དང་དེ་ཉམ་སྦྲེལ་དྲ་བ་+སོགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཚད་མཐོ་བའི་གདེང་འཇོག་གནང་བཞིན་ཡོད། ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་དང་དེ་མིན་དངུལ་རྩ་དང་མི་ཤུགས་ཐོན་ཁུངས་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་འདོད་པར་མ་ཟད། གོམ་གང་མདུན་སྤོས་སྒོས་སྣུམ་རླངས་གསར་འབྱེད་དང་ཉིང་གློག་སོགས་ཐོན་ཁུངས་ཀྱི་མཉམ་འབྲེལ་ལས་གཞི་རྒྱ་སྐྱེད་དང་རྨང་གཞིའི་སྒྲིག་བཀོད་དང་དངུལ་རྩ། ཞིང་ལས། མཁའ་སྤྱོད། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན། ས་གནས་དང་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱ་སྐྱེད་འདོད་ཅེས་བསྟན།

  གྲོས་མོལ་མཇུག་རྫོགས་རྗེས་ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཧ་སག་སི་ཐན་སྲིད་གཞུང་གི་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་རྣམ་གཉིས་ཀྱིས་ཐོན་ནུས་དང་དངུལ་རྩ། ནུས་ཁུངས། མཚོ་ལམ། སྤུས་ཚད་ཞིབ་བཤེར། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ཡིག་ཆ་བཅུ་ལྷག་གི་མིང་རྟགས་བཀོད་པར་ཞུགས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1