སྤྱི་ཟླ་12པའི་ཚེས་10ཉིན། ཞིང་ཆེན་མཐོ་སློབ་དཔྱད་མོལ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་ཐིང་། ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་འཁུར་མི་སྣ་བཅས་ལས་གྲུབ་པའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ཆེད་སྦྱོང་དུ་འཕར་བའི་རྟོག་ཞིབ་ཚོགས་པ་དཀར་མཛེས་ཁུལ་དུ་ཕེབས་ཏེ་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལས་ཀར་རྟོག་ཞིབ་གནང་།
ཆེད་རམས་པ་དག་གིས་སློབ་གྲྭའི་བོད་ལུགས་གསོ་རིག་དང་ཐང་གའི་དངོས་སྦྱོང་ཁང་། དཔེ་མཛོད་ཁང་། དེ་མིན་དགེ་སློབ་ཀྱི་སློབ་གསོ་དང་གྲུབ་འབྲས་འགྲེམ་སྟོན་སོགས་ལ་རྟོག་ཞིབ་གནང་པར་མ་ཟད་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལས་ཀའི་སྙན་ཞུ་ལ་གསན།
ཆེད་རམས་པ་དག་གིས་སློབ་གྲྭའི་ཆེད་ལས་བཀོད་སྒྲིག་དང་དངོས་སྦྱོང་ཆ་རྐྱེན་འཛུགས་སྐྲུན། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། ཞིབ་དཔྱད་རྒྱུ་ཆ་སོགས་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྔར་ལས་ལེགས་པའི་སློབ་གསོའི་ལས་དོན་ཐད་ལ་ཆེད་ལས་ཀྱི་ངོས་ནས་དབྱེ་ཞིབ་མཛད་པར་མ་ཟད། དོན་དངོས་རང་བཞིན་གྱི་བསམ་འཆར་མང་པོ་བཏོན།།