རྒྱལ་ཡོངས་ཀྱི་གྲོང་ཁྱེར་མི་རིགས་བྱ་བའི་གྲོས་ཚོགས་སྤྱི་ཟླ་1པའོ་ཚེས་5ཉིན་ནས་ཚེས་6ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་མཛུབ་སྟོན་གནང་།
ཡུས་ཀྲེན་ཧྲེང་གིས་གྲོང་ཁྱེར་གྱི་མི་རིགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི། གནས་བབ་གསར་བའི་འོག་གི་མི་རིགས་བྱ་བ་དང་གྲོང་ཁྱེར་བྱ་བར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྟར་མི་རིགས་གནད་དོན་ཐག་གཅོད་པའི་ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བཅའ་ཁྲིམས་ལྟར་གྲོང་ཁྱེར་གྱི་མི་རིགས་ལས་དོན་བྱ་བར་དོ་དམ་བྱེད་པ། རིགས་སོ་སོའི་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་ལྟེ་གནས་སུ་འཇོག་དགོས་པ་དང་། གྲངས་ཉུང་མི་རིགས་འཁོར་རྒྱུག་མི་གྲངས་ཞབས་ཞུའི་དོ་དམ་བཟང་བོར་སྒྲུབ་པ་དེ་དམིགས་སུ་བཟུང་སྟེ་ཕན་ཚུན་བར་འབྲེལ་མཐུད་བྱེད་པའི་སྤྱི་ཚོགས་གྲུབ་ལུགས་དང་སྡོད་ཁུལ་ཁོར་ཡུག་འཛུགས་པར་སྐུལ་འདེད་གཏོང་བའི་བྱ་བ་དམ་འཛིན་བྱེད་པ། དེ་མིན་གྲོང་ཁྱེར་གྱི་མི་རིགས་བྱ་བའི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་ལ་ཡར་སྐུལ་བྱས་ཏེ་གྲོང་ཁྱེར་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་སྔར་ལས་མང་པོ་དང་དུ་ལེན་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་གྲོང་ཁྱེར་དུ་འཛོམས་པར་བྱེད་པ། མི་རིགས་སོ་སོའི་བར་ཕན་ཚུན་བརྗེ་རེས་བྱེད་པར་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཁྱེར་གྱི་མི་རིགས་བྱ་བར་མཐོང་ཆེན་བྱས་ནས་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། སྒྲིག་སྲོལ་གྱི་ནང་རྐྱེན་དང་བྱ་བའི་གྲུབ་སྟངས་འཐུས་ཚང་དུ་གཏང་བ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་དང་། མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།།