ལི་ཁེ་ཆང་དང་ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བར་མ་ཟད་གྲོས་བསྡུར་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-06


  སྤྱི་ཟླ་3པའི་ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་དཔལ་འབྱོར་དང་། ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་ཞུས་པ་མ་ཟད་གྲོས་ཚོགས་སུ་ཞུགས། ཁོང་གིས་ན་ནིང་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་རྣམ་པར་ཁ་གཏད་ཅིང་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་འོག་དཔལ་འབྱོར་འཕེལ་རྒྱས་དང་བཅོས་སྒྱུར་གསར་གཏོད། དམངས་འཚོ་ལེགས་བཅོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བཅས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། དེ་མིན་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་རྒྱལ་ཁའི་ངང་མཇུག་བསྡུས་པ་ནི་སྲིད་གྲོས་ཨུ་ཡོན་འདུས་པའི་རྒྱལ་ཡོངས་མི་དམངས་ཀྱི་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ཁ་གཏོད་དགོས་པའི་འགྲན་རྩོད་དང་དཀའ་སྡུག་སྔར་ལས་ཆེ་བས་ངེས་པར་དུ་ཆོད་སེམས་བརྟན་པོས་འབད་པ་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལྟར། སྔར་ལས་གནད་ལ་འཁེལ་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་སྤྱི་སྣང་སྙོམས་སྒྲིག་གི་ལས་ཀ་ལག་བསྟར་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱ་དགོས་པ་དང་། གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་དང་ལྷག་པར་མཁོ་འདོན་ལོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལས་ཀ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་བ། ཕན་འབྲས་ལྡན་པའི་དངུལ་འཇོག་དང་འཛད་སྤྱོད་ལས་ཀ་རྒྱ་བསྐྱེད་པ། འཕེལ་རྒྱས་ཁྲོད་ཀྱི་མི་འདང་སར་ཁ་གསབ་རྒྱག་པའི་ལས་ཀ་ཇེ་མགྱོགས་སུ་གཏང་བ། ཉེན་ཟོན་བྱ་དགོས་པའི་ལས་ཀ་སྣ་ཚོགས་ཐག་གཅོད་བྱ་དགོས། ཚོང་ར་བརྟན་འཇགས་སུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་འོས་འཚམ་ཡིན་པ་རྒྱུན་འཁྱོངས་བྱ་དགོས། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བཅོས་སྒྱུར་རིམ་འཕར་གྱི་དགོས་མཁོ་ལ་བབ་བསྟུན་བྱས་ཏེ་ཤུགས་ཆེན་པོས་ནུས་ཤུགས་གསར་པ་དང་དཔལ་འབྱོར་གསར་པའི་འཕེལ་རྒྱས་གསོ་སྐྱོང་བྱ་དགོས། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དམ་འཛིན་མཉམ་འབྲེལ། ཞབས་ཞུ་ལེགས་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། མགྱོགས་མྱུར་སྒོས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་བཅོས་སྒྱུར་དང་འདེབས་གསོའི་སྒྲིག་གཞི་ཇེ་ལེགས་སུ་གཏང་དགོས། རྣམ་པ་མང་ཞིང་གཞི་ཁྱོན་དང་མཐུན་པའི་ཚོང་གཉེར་ལས་ཀར་འཚོལ་ཞིབ་དང་སྐུལ་འདེད་གཏང་བ། ཞིང་ལས་ཐོན་སྐྱེད་ཀྱི་ཕན་ནུས་དང་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏང་བ། ཞིང་ལས་ཐོན་རྫས་ཀྱི་རིན་གོང་གྲུབ་པའི་ལམ་ལུགས་འཐུས་ཚང་དུ་གཏང་བ། དེང་རབས་ཞིང་ལས་ཀྱི་ཐོན་ལས་ཀྱི་མུ་ཕྲེང་བསྐྲུན་ཏེ་ཞིང་བའི་ཡོང་སྒོ་རྒྱུན་མཐུད་ངང་འཕེལ་བར་སྐུལ་འདེད་གཏང་དགོས། ནུས་ལྡན་བྱེད་ཐབས་དང་ནན་ཏན་གྱི་ལས་ཀས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་ལེགས་པོར་བརྩམ་དགོས་ཞེས་བསྟན།

  ཚེས་4ཉིན་གྱི་ཕྱི་དྲོར་ཀྲང་ཏེ་ཅང་ཞང་ཀང་དང་ཨོ་མིན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་སུ་ཞུགས། ཀྲང་ཏེ་ཅང་གིས་ཞང་ཀང་དང་ཨོ་མིན་གཉིས་མེས་རྒྱལ་ལ་ཕྱིར་ལོག་པ་ནས་བཟུང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་གཞི་རྩའི་ཐོག་ནས་རྒྱལ་ཁ་ཐོབ་པ་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་གསར་དར་ལམ་ལུགས་ཤིག་ཡིན་པའི་ཆ་ནས་ངེས་པར་དུ་འཚོལ་ཞིབ་དང་རིམ་བཞིན་འཐུས་ཚང་དུ་གྱུར་བའི་གོ་རིམ་ཞིག་ཡོད་ངེས་། འདིའང་དངོས་པོ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་རེད། ཁོང་གིས་ཨུ་ཡོན་རྣམ་པས་རྒྱལ་གཅེས་དང་ཀང་གཅེས། རྒྱལ་གཅེས་དང་ཨོ་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་བཟང་བོ་དར་སྤེལ་དང་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་འཛུགས་སྐྲུན་ལས་ཀར་ཞུགས་དགོས་པ་དང་། དམིགས་བསལ་ས་ཁུལ་སྲིད་གཞུང་གིས་བཅའ་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ། ཞང་ཀང་དང་ཨོ་མིན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལས་ཀ་སྐུལ་འདེད་གཏང་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཞེས་བསྟན།

  ཚེས་4་ཉིན་གྱི་སྔ་དྲོར། ཡུས་ཀྲེན་ཧྲེང་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་སུ་ཞུགས། ཁོང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་དང་ལལྷག་པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་ཀྱི་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཞིང་སྨན་བཅོས་འཕྲོད་བསྟེན་ལས་དོན་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་སོང་། བདེ་ཐང་ནི་མི་དམངས་བདེ་སྐྱིད་ཡོང་བའི་རྨང་གཞི་དང་སྤྱི་ཚོགས་ཡར་ཐོན་ཡོང་བའི་ཚད་གཞི་གལ་ཆེན་ཞིག་རེད། ཀྲུང་གུང་ཀྲུང་དབྱང་གིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དུ་བདེ་ཐང་ངང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་སྟེ་རྣམ་པ་གསར་པའི་འོག་གི་འཕྲོད་བསྟེན་སྨན་བཅོས་ལས་ཀ་ཐ་ལ་སྔར་ལས་མཐོ་བའི་རེ་བ་བཏོན་ཞེས་བསྟན།

  ཚེས་4ཉིན་གྱི་ཕྱི་དྲོར། ལིག་ཡུན་ཧྲན་དམངས་གཙོ་མནའ་མཐུན་དང་། ཞིང་བཟོ་ཏང་གི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་སུ་ཞུགས། ལིག་ཡུན་ཧྲན་གྱིས་མི་དམངས་སྲིད་གྲོས་ནི་ལས་རིགས་སོ་སོའི་མི་སྣས་མཉམ་དུ་རྒྱལ་ཁབ་ཀྱི་ལས་དོན་ལ་གྲོས་སྡུར་བྱེད་ས་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱི་འཐུས་ཚབ་རང་བཞིན་ཆེ་ཞིང་། འབྲེལ་གཏུག་གི་རྒྱ་ཆེ་བ། མཚན་སྙན་གྲགས་རྒྱས་ཤུགས་ཆེ་བས། ཚང་མས་རང་སྟེང་གི་འགན་འཁྲི་དང་འགན་ནུས་དང་འབྲེལ་ནས། སྣེ་ཁྲིད་སློབ་སྦྱོང་དང་ལག་ལེན་བྱེད་དགོས་པ་དང་། དྲིལ་སྒྲོག་རྒྱས་བཤད་ལས་ཀ་བཟང་བོར་བསྒྲུབ་པ། རྟོག་ཞིབ་དང་ཞིབ་བཤེར་ལས་ཀར་ཤུགས་སྣོན་པ། བློ་འདོན་ཇུས་འབུལ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་སྐྱོང་གི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།

  ཚེས་4ཉིན་གྱི་ཕྱི་དྲོར། ཝང་ཆི་ཧྲན་ཀྲུང་གུང་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་སུ་ཞུགས། ཁོང་གིས་ཏང་གི་མགོ་ཁྲིད་འོག ང་ཚོས་གྲུབ་འབྲས་ཆེན་པོ་བླངས་ཡོད་ནའང་། འགྲན་རྩོད་དང་གནད་དོན་ཤ་ཁས་ལ་འཕྲད་ཡོད། ཏང་གིས་ཕྲག་ཏུ་ཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ལས། ངེས་པར་དུ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། གནད་དོན་ལ་ཡང་དག་པར་བལྟ་བ། གནད་དོན་ཐག་གཅོད་དགོས་པ་བཅས་གསལ་བཤད་བྱས་ཡོད། ཏང་གི་ལོ་རྒྱུས་ལས་ང་ཚོའི་ཏང་ལ་རང་ཉིད་གཙང་བསྒྱུར་དང་གསར་བསྒྱུར་བྱེད་པའི་ནུས་པ་ཡོད་པར་བདེན་དཔང་བྱས་ཡོད་པས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འདུ་ཤེས་བཞི་བརྟན་པོར་བཅངས་ཏེ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལས་ཀར་སྐུལ་འདེད་བཏང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་འཐབ་རྩོད་བྱེད་པར་བློ་འདོན་ཇུས་འབུལ་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།

  ཚེས་4ཉིན་གྱི་ཕྱི་དྲོར། ཀྲང་ཀའོ་ལི་སློབ་གསོ་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་སུ་ཞུགས།  ཁོང་གིས་སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་ཡིན་པ་དང་། མི་རིགས་དར་རྒྱས་དང་མི་དམངས་བདེ་སྐྱིད། རྒྱལ་ཁབ་ཀྱི་མ་འོངས་པ་དང་འབྲེལ་བ་དམ་པོ་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལྟར། གསར་སྐྲུན་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་པར་བྱེད་པ་དང་ལག་བསྟར་དངོས་འབེབས་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་བབ་བསྟུན་བྱེད་པ། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་ལག་བསྟར་བྱེད་པ། སློབ་གསོའི་དེང་རབས་ཅན་གྱི་གོམ་པ་ཇེ་མགྱོགས་སུ་བཏང་ནས། སྤྱི་ཚོགས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ནུས་པ་གལ་ཆེན་འདོན་དགོས་ཞེས་བསྟན།། 













དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1