མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཕྱི་བ་འཛིན་གསོད་དང་ལྐོག་འདྲེན། ཕྱིར་བཙོང་བཅས་བྱེད་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


ཟི་ལིང་གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་། མཚོ་ཤར་སྲིད་འཛིན་ཀུང་ཧྲུའུ། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུའུ་སོ་སོ་བཅས་ལ།བྱི་ནད་ནི་མི་དང་རི་སྐྱེས་སྲོག་ཆགས་ཚང་མར་ཕོག་པའི་རང་བྱུང་ནད་གཞི་འབྱུང་ཡུལ་གྱི་རིམས་ནད་ཅིག་ཡིན་ལ། ནད་བྱུང་ཚད་མགྱོགས་ཤིང་ནད་ཡུན་ཐུང་བ་དང་། འགོས་ཚད་ཆེ་བ། ཤི་ཚད་མང་བ། མང་ཚོགས་ཀྱི་བདེ་ཐང་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་དང་བཟོ་བཞིན་ཡོད་པས། རང་རྒྱལ་སྲིད་གཞུང་གིས་ཁྲིམས་ལ་བཀོད་པའི་འགོག་བཅོས་ཀྱི་རིགས་ཀ་པའི་འགོས་ནད་དང་པོའི་གྲས་སུ་བཞག་ཡོད། རང་ཞིང་གི་མི་ཡུལ་གྱི་བྱི་ནད་ནི་གཙོ་བོ་འཕྱི་བ་འཛིན་གསོད་བྱས་པ་ལས་བྱུང་བ་ཡིན། ཉེ་ལམ་ལོ་འགའི་རིང་དཔལ་འབྱོར་ཁེ་རག་གིས་འདེད་སྐུལ་བྱས་རྐྱེན་འཕྱི་བ་འཛིན་གསོད་བྱེད་པ་མ་ཟད་ལྐོག་འདྲེན་ཉོ་ཚོང་གི་གནས་ཚུལ་ཡང་ཧ་ཅང་ཚབས་ཆེ་བ་དང་། མི་ཡུལ་གྱི་བྱི་ནད་རྒྱང་ཐག་རིང་དུ་མཆེད་པའི་ཉེན་ཁ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྤྱི་པའི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་བཞིན་ཡོད། བྱི་ནད་འབྱུང་བ་དང་མཆེད་པར་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བྱེད་པའི་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་སྐོར་གྱི་བཅའ་ཁྲིམས》། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས》། 《རྒྱལ་ནང་གི་འགྲིམ་འགྲུལ་འཕྲོད་བསྟེན་དང་འགོས་ནད་བརྟག་དཔྱད་བྱེད་པའི་སྐོར་གྱི་སྲོལ་ཡིག》། 《མཚོ་སྔོན་ཞིང་ཆེན་གྱི་ཡུལ་ནད་འགོག་བཅོས་བྱེད་པའི་སྐོར་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབ་གཞིར་བཟུང་སྟེ། ད་ལྟ་འཕྱི་བ་འཛིན་གསོད་དང་ལྐོག་འདྲེན། ཕྱིར་བཙོང་བྱེད་མི་ཆོག་པ་དང་བྱི་ནད་འབྱུང་བ་དང་མཆེད་པར་གཏན་འགོག་བྱེད་དགོས་པའི་སྐོར་ལ་བརྡ་ཁྱབ་གཏོང་བ་གཤམ་གསལ་ལྟར་སྟེ།
  གཅིག ལས་ཁུངས་དང་མི་སྒེར་སུ་ཡིན་རུང་རང་ཞིང་གི་མངའ་ཁོངས་ནང་ནས་ཁྲིམས་འགལ་གྱིས་འཕྱི་བ་འཛིན་གསོད་བྱེད་པ་དང་ཡང་ན་དེའི་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད། ཚོང་གཉེར། ལྐོག་འདྲེན། ཕྱིར་བཙོང་བཅས་བྱེད་པའི་བྱ་འགུལ་སྒྲུབ་མི་ཆོག
  གཉིས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེ་མིན་འཕྲོད་བསྟེན་དང་ནགས་ལས། ཞིང་ཕྱུགས། སྤྱི་བདེ། བཟོ་ཚོང་། སྦྲགས་སྲིད་དོ་དམ། འགྲིམ་འགྲུལ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཁག་གིས་རང་རང་སོ་སོའི་འགན་འཁྲི་ལྟར། འཕྱི་བ་འཛིན་གསོད་དང་ཡང་ན་དེའི་ཐོན་རྫས་ལྐོག་འདྲེན་དང་། ཕྱིར་བཙོང་བྱེད་པའི་བྱ་སྤྱོད་ལ་ཞིབ་གཅོད་ནན་མོར་བྱེད་དགོས། གལ་ཏེ་འཕྱི་བ་འཛིན་གསོད་དང་ཡང་ན་དེའི་ཐོན་རྫས་ལྐོག་འདྲེན་དང་། ཕྱིར་བཙོང་བྱེད་མཁན་ཡིན་པ་ཤེས་ཚེ། དོ་བདག་པ་ས་དེའི་འགོས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་སུ་བསྐྱལ་ནས་ཁྲིམས་ལྟར་ལོགས་སུ་བཞག་སྟེ་ཉིན་དགུ་ལ་ནད་དཔྱད་བྱེད་པ་མ་ཟད་ད་དུང་འབྲེལ་ཡོད་ཀྱི་གཏན་འབེབ་ལྟར་ཐག་གཅོད་བྱེད་དགོས། དེའི་འཁྱེར་བའི་འཕྱི་བ་དང་ཡང་ན་དེའི་ཐོན་རྫས་དང་། འཛིན་གསོད་ཡོ་བྱད་སོགས་ཚང་མ་ས་དེ་ནས་བསྲེག་པ་དང་དོང་དུ་སྦས་པ་མ་ཟད། འགྲིམ་འགྲུལ་ཡོ་བྱད་ལའང་གཙང་སྦྲ་དང་དུག་སེལ་དགོས།
  གསུམ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱི་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་དེ་མིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་བསྒྲགས་སློབ་གསོ་བྱེད་པར་ཤུགས་བསྣན་ཏེ། འཕྱི་བ་འཛིན་གསོད་བྱེད་པ་སོགས་ནད་གཞི་སྲོག་ཆགས་དང་དེའི་ཐོན་རྫས་ལྐོག་འདྲེན་དང་། ཕྱིར་བཙོང་བཅས་བྱེད་མི་ཆོག ནད་ཤིའི་འཕྱི་བ་དང་ཡང་ན་ནད་ཤིའི་སྲོགས་ཆགས། བྱི་ནད་ཕོག་པའི་ནད་པ་དང་ཡང་ན་བྱི་ནད་དོགས་ཡོད་ནད་པ། ནད་གཞི་འབྱུང་རྐྱེན་མི་གསལ་བ་ལས་འཚབ་ཤི་བྱུང་བའི་ནད་པ་བཅས་དུས་ཐོག་ཏུ་ཡར་ཞུ་བྱས་ཏེ། མང་ཚོགས་ཀྱིས་རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ནུས་པ་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་བ་དང་། མང་ཚོགས་ལ་བདེ་འཇགས་དང་ཁྲིམས་མཐུན་བཅས་ཀྱི་ཞོར་ལས་ཐོན་སྐྱེད་ཀྱི་ཐབས་ལམ་དང་ཡོང་སྒོ་འཕར་བར་བྱེད་པའི་ཐབས་ལམ་འཚོལ་རོགས་བྱས་ཏེ། འཕྱི་བ་དང་མི་བར་གྱི་རེག་ཐུག་ཇེ་ཉུང་དུ་གཏོང་བ་དང་། བྱི་ནད་འབྱུང་བ་དང་མཆེད་པར་སྔོན་འགོག་བྱེད་དགོས།
  བཞི། འཕྱི་བ་འཛིན་གསོད་དང་ཡང་ན་དེའི་ཐོན་རྫས་ལྐོག་འདྲེན་དང་། ཕྱིར་བཙོང་བྱེད་པའི་བྱ་སྤྱོད་མཐོང་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཚང་མས་ས་དེ་གའི་མི་དམངས་སྲིད་གཞུང་དང་ཡང་ན་འཕྲོད་བསྟེན་དང་ནགས་ལས། ཞིང་ཕྱུགས། སྤྱི་བདེ། བཟོ་ཚོང་སོགས་སྡེ་ཁག་ལ་ཐེར་འདོན་བྱེད་པའི་འོས་འགན་ཡོད། ས་དེ་གའི་མི་དམངས་སྲིད་གཞུང་དང་ཡང་ན་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས།
  ལྔ། བརྡ་ཁྱབ་འདི་དང་འགལ་ནས་འཕྱི་བ་འཛིན་གསོད་དང་ཡང་ན་དེའི་ཐོན་རྫས་ལྐོག་འདྲེན་དང་། ཕྱིར་བཙོང་བྱེད་པའི་བྱ་སྤྱོད་སྒྲུབ་པ་དང་ཆབས་ཅིག་ཏུ། འཕྱི་བ་འཛིན་གསོད་དང་ལྐོག་འདྲེན། ཕྱིར་བཙོང་བཅས་ལྟ་སྐུལ་དང་དོ་དམ་བྱེད་པར་ཁས་མི་ལེན་པ་དང་བཀག་འགོག་བྱེད་མཁན་ཞིག་ཡིན་ཚེ། སྤྱི་བདེ་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་སྐོར་གྱི་ཉེས་ཆད་བཅའ་ཁྲིམས》ནང་གི་འབྲེལ་ཡོད་ཀྱི་ཚན་པ་ལྟར་ཉེས་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེན་ཡིན་ཚེ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས།
  དྲུག བརྡ་ཁྱབ་འདི་དང་འགལ་ནས་འཕྱི་བ་འཛིན་གསོད་དང་ཡང་ན་དེའི་ཐོན་རྫས་ལྐོག་འདྲེན་དང་། ཕྱིར་བཙོང་བྱེད་པའི་བྱ་སྤྱོད་སྒྲུབ་པ་ལས་བྱུང་བའི་བྱི་ནད་མཆེད་པ་དང་ཡང་ན་འགོས་ནད་མཆེད་སྲིད་པའི་ལས་ཁུངས་དང་མི་སྒེར་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བྱེད་པའི་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་འགོག་སྐོར་གྱི་བཅའ་ཁྲིམས》ནང་གི་འབྲེལ་ཡོད་ཀྱི་ཚན་པ་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།
  བདུན། གལ་ཏེ་འཕྱི་བ་འཛིན་གསོད་མཁན་ལ་བྱི་ནད་འགོས་ཚེ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་ཚང་མས་ས་དེའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་དང་ཡང་ན་འགོས་ནད་སྔོན་འགོག་ཚོད་འཛིན་ལས་ཁུངས་ལ་ཡར་ཞུ་བྱས་ཏེ། ས་དེ་གའི་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག བྱི་ནད་ཚོད་འཛིན་གྱི་བབ་བསྟུན་སྔོན་ཇུས་དུས་ཐོག་ལག་བསྟར་བྱེད་འགོ་རྩོམ་པ་དང་། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་འགོས་ནད་ཚོད་འཛིན་བྱེད་པ། བྱི་ནད་མཆེད་པར་སྔོན་འགོག་ནན་མོར་བྱས་ཏེ། སྤྱི་ཚོགས་ལ་བཟོས་པའི་གནོད་འཚེ་མེད་པར་གཏོང་དགོས།
  བརྒྱད། བྱི་ནད་འབྱུང་ཡུལ་ས་ཁུལ་གྱི་རིམ་པ་སོ་སོའི་འཕྲོད་བསྟེན་དང་ནགས་ལས། ཞིང་ཕྱུགས། སྤྱི་བདེ། བཟོ་ཚོང་། སྦྲགས་སྲིད་དོ་དམ། འགྲིམ་འགྲུལ། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཁག་གིས་མཉམ་འབྲེལ་གྱིས་བྱི་ནད་འགོག་བཅོས་དང་ཚོད་འཛིན་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། བབ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། རང་རང་སོ་སོའི་འགན་འཁྲིའི་ནང་གཏོགས་པའི་བྱི་ནད་ཞིབ་བཤེར་དང་བྱི་ནད་བབ་བསྟུན་ཐག་གཅོད་ཀྱི་བྱ་བ་བཟང་སྒྲུབ་བྱེད་པ། སྲོག་ཆགས་བར་བྱུང་བའི་བྱི་ནད་དུས་ཐོག་ཏུ་མེད་པར་བཟོས་ཏེ། སྲོག་ཆགས་ཀྱི་འགོས་ནད་མི་ཡུལ་དུ་ཁྱབ་པར་སྔོན་འགོག་བྱེད་དགོས།བརྡ་ཁྱབ་འདི་ཁྱབ་བསྒྲགས་བྱེད་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1