དྲི་བ། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་གནས་ནི་རིམ་པ་ག་ཚོད་དུ་བགར་ཡོད།
རྩ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རང་རྒྱལ་གྱི་སྲིད་འཛིན་མངའ་ཁོངས་དབྱེ་ཚུལ་ནི། རྒྱལ་ཁབ་ཡོངས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཏུ་བགར་ཡོད་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་ནི་རང་སྐྱོང་ཁུལ་དང་རྫོང་། རང་སྐྱོང་རྫོང་། གྲོང་ཁྱེར་བཅས་སུ་བགར་ཡོད། རྫོང་དང་རང་སྐྱོང་རྫོང་ནི་ཞང་དང་མི་རིགས་ཞང་། གྲོང་རྡལ་བཅས་སུ་བགར་ཡོད། ཐད་གཏོགས་གྲོང་ཁྱེར་དང་ཅུང་ཆེ་བའི་གྲོང་ཁྱེར་ནི་ས་ཁུལ་དང་རྫོང་དུ་བགར་ཡོད། རང་སྐྱོང་ཁུལ་ནི་རྫོང་དང་རང་སྐྱོང་རྫོང་དུ་བགར་ཡོད།
མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པ་ལས། མི་རིགས་རང་སྐྱོང་ས་གནས་ནི་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་སུ་དབྱེ་རྒྱུར་གཏན་འབེབས་བྱས་ཡོད། དེ་བས། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་གནས་ནི་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་རིམ་པ་གསུམ་དུ་བགར་ཡོད།
རིམ་པ་གསུམ་ཅན་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྲོད་དུ་རིམ་པ་གཉིས་ནི་སྤྱིར་བཏང་གི་སྲིད་འཛིན་མངའ་ཁོངས་དབྱེ་ཚུལ་གྱི་སྡེ་ཚན་དང་དོ་མཉམ་པ་ཡིན། དཔེར་ན། རང་སྐྱོང་ལྗོངས་ནི་ཞིང་ཆེན་རིམ་པ་དང་དོ་མཉམ་པ་ཡིན་ལ། རང་སྐྱོང་རྫོང་ནི་རྫོང་རིམ་པ་དང་དོ་མཉམ་པ་ཡིན། ཡིན་ཡང་། རང་སྐྱོང་ཁུལ་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས། མཐའ་གཅིག་ཏུ་དེ་དང་དོ་མཉམ་པའི་སྤྱིར་བཏང་གི་སྲིད་འཛིན་སྡེ་ཚན་ཞིག་མེད་པ་རེད། ང་ཚོས་རྒྱུན་པར་རང་སྐྱོང་ཁུལ་དང་ས་ཁུལ་གཉིས་དོ་མཉམ་པར་བྱེད་ལ། དོན་དངོས་སུ་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ། ས་ཁུལ་ནི་ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་ཡིན་པ་ལས་རིམ་པ་དང་བོའི་སྲིད་དབང་རྩ་འཛུགས་མིན། རང་རྒྱལ་གྱི་སྲིད་འཛིན་མངའ་ཁོངས་དབྱེ་ཚུལ་ལ་གཞིགས་ཚེ། ཞིང་ཆེན་དང་རྫོང་། ཞང་བཅས་རིམ་པ་གསུམ་ཅན་གྱི་སྲིད་འཛིན་མངའ་ཁོངས་དབྱེ་ཚུལ་ཞིག་ཡིན་པ་གསལ། ཡིན་ཡང་། རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱས་ཡོད་པའི་ས་གནས་ཁ་ཤས་སུ་རང་སྐྱོང་ལྗོངས་འཛུགས་དགོས་ཚེ་ཆ་རྐྱེན་གྱིས་མི་འདང་བ་དང་། རང་སྐྱོང་རྫོང་འཛུགས་དགོས་ཚེ་ཆེ་དྲག་ཕྱིར། རང་སྐྱོང་ཁུལ་གྱིས་གནས་ཚུལ་འདི་ཐག་གཅོད་བྱེད་ཐུབ་པས། རང་སྐྱོང་ཁུལ་ནི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་པའི་ས་གནས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་དམིགས་བསལ་གྱིས་བཙུགས་པ་ཞིག་ཡིན།