ནོར་འཁྲུལ་དང་པོ། ཐ་མག་འཐེན་ན་སྲོག་ཉེན་ལ་ཐུག་པའི་གནོད་འཚེ་ཆེན་པོ་མེད་པ་དང་། མི་ལ་ལས་ཚེ་གང་བོར་ཐ་མག་འཐེན་ཀྱང་གནོད་པ་མེད་ལ། ཐ་མག་མི་འཐེན་པའི་མི་ལའང་གློ་འབྲས་འབྱུང་བཞིན་ཡོད་འདོད་པའི་བསམ་བློ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། མི་རྣམས་ཀྱིས་རྒྱུན་པར་རང་གི་ཉེ་འཁོར་གྱི་ཐ་མག་འཐེན་མཁན་གྱི་གནས་ཚུལ་མ་གཏོགས། རྒྱལ་ཡོངས་དང་འཛམ་གླིང་ན་ཐ་མག་འཐེན་ནས་ནད་བྱུང་བའི་མིའི་གྲངས་ཀ་ཅི་ཙམ་ཡོད་པ་ཤེས་ཀྱིན་མེད།
བརྟག་དཔྱད་བྱས་པ་ལས་འཛམ་གླིང་ན་ཐ་མག་འཐེན་མཁན་ཧ་ལམ་མི་དུང་ཕྱུར་བཅུ་ཙམ་ཡོད་ཅིང་། ལོ་རེར་ཐ་མག་གིས་བསླངས་པའི་ནད་རིགས་ལས་ཤི་བའི་མི་ས་ཡ་ལྔ་ལྷག་ཡོད་པ་རེད། རང་རྒྱལ་དུའང་ཐ་མག་འཐེན་མཁན་མི་དུང་ཕྱུར་གསུམ་ཡན་དུ་བུད་ཡོད་པ་དང་། ཐ་མག་གིས་ཉེ་འཁོར་གྱི་མི་ལ་གནོད་པ་ཐེབས་ཚད་མི་དུང་ཕྱུར་ལྔ་ལྷག་ཏུ་སླེབས་ཡོད་ཅིང་ལོ་རེར་ཐ་མག་གིས་བསླངས་པའི་ནད་རིགས་ལས་ཤི་བའི་མི་ས་ཡ་གཅིག་ཙམ་ལ་སླེབས་ཡོད་པས། ཨེ་ཙི་ནད་དང་གཅོང་ནད། འགྲིམ་འགྲུལ་དོན་རྐྱེན་དང་རང་སྲོག་བཅད་པའི་མི་བཅས་ཀྱི་བསྡོམས་གྲངས་ལས་ཀྱང་མང་བ་རེད། འབྲེལ་ཡོད་ཕྱོགས་ཀྱི་ཆེད་མཁས་པས་ཚོད་དཔག་བྱས་པ་ལྟར་ན། གལ་ཏེ་ཀྲུང་གོ་རྒྱལ་ཁབ་ཀྱིས་ཐ་མག་འཐེན་པའི་གནས་ཚུལ་ལ་མྱུར་དུ་ཚོད་འཛིན་བྱེད་མ་ཐུབ་ན། 2025ལོར་ཐོན་དུས་ལོ་རེར་ཐ་མག་གིས་བསླངས་པའི་ནད་རིགས་ལས་ཤི་བའི་མི་ས་ཡ་གཉིས་ཙམ་ལ་སླེབས་སྲིད་ཟེར། དུས་མཚུངས་སུ་ཐ་མག་འཐེན་མཁན་ཕལ་ཆེ་བའི་ཚེ་སྲོག་ལོ་བཅུའི་ཡན་ཇེ་ཐུང་དུ་འགྲོ་ངེས།
ནོར་འཁྲུལ་གཉིས་པ། ཐ་མག་འཐེན་ཚད་ཉུང་བ་དང་། དབྱིངས་ཞུགས་མེད་པས་གནོད་པ་གང་ཡང་མེད་པར་འདོད་པ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། ཐོག་མར། ཐ་མག་གིས་དབྱིངས་ཞུགས་ཚད་དེ་མི་རང་ཉིད་ཀྱི་གནས་ཚུལ་མི་གཅིག་པ་ལྟར་ཡིན་པ་མ་གཏོགས། ཐ་མག་འཐེན་ཚད་ཉུང་ན་དབྱིངས་ཞུགས་ཚད་དེ་ལྟར་ཆུང་བའི་ངེས་པ་མེད ། མི་ལ་ལ་ཞིག་གིས་ཉིན་རེར་ཐ་མག་འཐེན་ཚད་དེ་འདྲ་མི་མང་ནའང་དབྱིངས་ཞུགས་ཚད་ཆེ་བ་རེད། ཉིས་ཀུའུ་ཏེན་ཞེས་པ་དེ་གོམས་ལོབས་སུ་འགྲོ་ཚད་མྱུར་བའི་དབང་གིས་བརྒྱ་ཆའི་གོ་ལྔའི་ཡན་གྱི་ཐ་མག་འཐེན་མཁན་ལ་དབྱིངས་ཞུགས་སྲིད།
ནོར་འཁྲུལ་གསུམ་པ། ཐ་མག་འཇིབ་པ་ལས་ཁོག་ཏུ་མ་མིད་ན་གློ་བ་དང་ལུས་ཕུང་ལ་གནོད་པ་མེད་པར་འདོད་པ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། མིའི་དབུགས་འབྱིན་རྔུབ་བྱེད་པ་ནི་མི་དང་ཕྱིའི་ཁོར་ཡུག་བར་དུ་དབུགས་བརྗེ་རེས་བྱེད་པའི་གོ་རིམ་ཞིག་ཡིན་ལ། ཐ་མག་འཐེན་སྐབས་ཁ་དང་། གློ་སྦུག གློ་བཅས་ཚང་མས་འཇིབ་ཀྱིན་ཡོད་པས། མར་མ་མིད་ཀྱང་དུ་བ་ཁའི་ནང་ཁོ་ན་ལས་གློ་སྟེང་དུ་སོང་མེད་པ་གཏན་ནས་མིན།
ནོར་འཁྲུལ་བཞི་བ། ཟ་མ་ཟོས་རྗེས་ཐ་མག་རྐང་གཅིག་འཐེན་ན་སྐྱིད་སྣང་ལྡན་པར་འདོད་པ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། ཟ་མའི་རྗེས་སུ་ཐ་མག་འཐེན་ན། ཐ་མག་ནང་གི་ཉིས་ཀུའུ་ཏེན་ཞེས་པའི་རྫས་དེ་མགྱོགས་མྱུར་ངང་ཁྲག་རྒྱུན་ནང་ཁྱབ་སྟེ་མི་ལ་སྐྱིད་སྣང་ཆེན་པོ་སྟེར་མོད། དོན་དངོས་སུ། ཟ་མའི་རྗེས་སུ་ཐ་མག་འཐེན་ན་དུས་རྒྱུན་དུ་ཐ་མག་འཐེན་པ་ལས་ཀྱང་གནོད་པ་ཆེ་བ་རེད། དེའི་རྒྱུ་མཚན་ནི་ཟ་མའི་རྗེས་སུ་ཐ་མག་འཐེན་ན་མིའི་ལུས་སྟེང་གི་སྤྲི་དཀར་དང་ཐན་སྐྱུར་ཚྭའི་རྨང་གཞིའི་ཟགས་ཐོན་ལ་ཚོད་བཀག་ཐེབས་ནས། ཟས་འཇུ་བ་དང་འཚོ་བཅུད་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། དུས་མཚུངས་སུ་ད་དུང་ཕོ་བ་དང་རྒྱུུ་སོར་བཅུ་གཉིས་ལ་ཐད་ཀར་གནོད་པ་ཐེབས་ནས་ཕོ་བའི་བྱེད་ལས་རྙོག་ཟིང་དུ་གཏོང་བ་དང་མཁྲིས་ཁུའི་ཟགས་ཐོན་ཇེ་མང་དུ་གྱུར་ནས། ཁོག་པ་ན་བ་སོགས་ཀྱི་རྟགས་འབྱུང་སླ་བ་ཡིན། དེར་མ་ཟད་ཟ་མ་ཟོས་རྗེས་ཕོ་བས་ཟ་མ་འཇུ་བ་དང་བསྡུ་ལེན་བྱེད་པའི་སྐབས་ཡིན་པས། དུས་དེར་ཐ་མག་འཐེན་ན་དུ་བ་ལུས་སྟེང་དུ་བསྡུ་ལེན་བྱེད་ཚད་ཀྱང་མཐོ་བས་དུག་ལྡན་དངོས་རྫས་ཀྱིས་གནོད་པ་ཐེབས་ཚད་དེ་ལྟར་ཆེ། དེ་བས་ཟ་མའི་རྗེས་སུ་ཐ་མག་འཐེན་ན་གནོད་པ་བསམ་གྱིས་མི་ཁྱབ་པ་འབྱུང་ངེས།
ནོར་འཁྲུལ་ལྔ་བ། ཐ་མག་འཐེན་ན་ལུས་སྟོབས་རྒྱས་པ་དང་རོ་ཙའི་ནུས་པ་གསོ་ཐུབ་པར་འདོད་པ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། དེ་ནི་ནོར་འཁྲུལ་ཤ་སྟག་ཅིག་སྟེ། ཐ་མག་ཁྲོད་ཀྱི་དུག་ལྡན་དངོས་རྫས་ཀྱིས་སྐྱེས་པའི་རོ་ཙའི་ནུས་པར་གནོད་པ་གཏོང་སྲིད།
ནོར་འཁྲུལ་དྲུག་པ། ཐ་མག་འཐེན་ན་སོ་འབུས་ཟ་བ་དང་ཁའི་ནང་དུ་རྨ་འབུད་པ་སོགས་སྔོན་འགོག་བྱེད་ཐུབ་པར་འདོད་པ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། དེ་ཡང་ནོར་འཁྲུལ་གྱི་བཤད་སྟངས་ཤ་སྟག་ཅིག་ཡིན། ཐ་མག་འཐེན་སྐབས་ཐ་མག་ནང་གི་དུག་ལྡན་དངོས་རྫས་ཀྱིས་ཁའི་ནང་སྐྱི་ལ་ཕོག་ཐུག་བཏང་ནས་ཁའི་ནང་དུ་རྨ་འབུད་དུ་འཇུག་སྲིད། གལ་ཏེ་ཐ་མག་འཐེན་མཁན་གྱི་ཁའི་ནང་དུ་སྐྱི་བཤུས་བཏོད་ཡོད་ཚེ། དུ་བའི་ཁྲོད་ཀྱི་གནོད་པ་ཡོད་པའི་དངོས་རྫས་ཀྱིས་དེ་ལ་ཤན་ཤུགས་ངན་པ་བཟོས་ནས་ཡུན་རིང་དུ་དྲག་ཏུ་འཇུག་མི་སྲིད། དེ་ལས་གཞན་རྒྱུན་ལྡན་གྱི་ཁ་མཆུའི་ནང་དུ་དབྱང་འགྱུར་སྐུལ་རྫས་འགོག་པའི་རྫས་ཤིག་ཡོད་པ་དང་། དེ་ནི་ལུས་ཀྱིས་འབྲས་ནད་འགོག་པའི་ཕན་ལྡན་དངོས་རྫས་ཤིག་ཡིན། འོན་ཀྱང་ཐ་མག་འཐེན་ན་དབྱང་འགྱུར་སྐུལ་རྫས་འགོག་བྱེད་ལ་གནོད་པ་བཟོ་བར་མ་ཟད། ཁའི་ནང་གི་མཆུ་མ་དེ་གནོད་པ་ཡོད་པའི་འདྲེས་སྦྱོར་དངོས་རྫས་སུ་གྱུར་ནས་དེ་ལས་ལྡོག་སྟེ། ཁའི་ནང་སྐྱི་དང་སོ་བཅས་ལ་གནོད་པ་བཟོ་ངེས།
ནོར་འཁྲུལ་བདུན་པ། ཐ་མག་འཐེན་ན་ཕོ་བ་མི་ལྟོགས་པ་དང་། ཚོ་བྱང་བའི་ནུས་པ་ཡོད་པར་འདོད་པ།
དབྱེ་ཞིབ་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། ཐ་མག་ནང་གི་ཉིས་ཀུའུ་ཏེན་གྱིས་ཟས་ཀྱི་ཡི་ག་བསྒག་སྲིད་ལ། དུས་མཚུངས་སུ་ཐ་མག་དང་དུ་སྨུག་གིས་ལྕེ་སྟེང་གི་རོ་མྱོང་པའི་ནུས་པར་གནོད་པ་ངེས་ཅན་ཞིིག་གཏོང་སྲིད་པས། ཐ་མག་འཐེན་པའི་མི་ལ་ཟ་མའི་ཡི་ག་དེ་འདྲ་མེད་པའང་དེའི་རྐྱེན་རེད། འོན་ཀྱང་བྱེད་ཐབས་འདི་བཀོལ་ནས་ལུས་ཀྱི་ཚོ་བྱང་དུ་འཇུག་པ་དང་ལུས་ཀྱི་ལྗིད་ཚད་འཕར་དུ་མི་འཇུག་པ་དེ་ནི་ཉེན་ཁའི་བྱེད་ཐབས་ཤིག་ཡིན་པས་དེ་ལྟར་བྱེད་མི་རུང་། ཐ་མག་ལ་དབྱིངས་ཞུགས་པའི་རང་བཞིན་ཤུགས་དྲག་པས། དེ་འཐེན་ལོབས་སུ་སོང་ན་མཚམས་གཅོད་དཀའ་བ་རེད། དེ་བས་ཐ་མག་འཐེན་ནས་ལུས་ཀྱི་ཚོ་བྱང་དུ་འཇུག་པ་ལས་ད་དུང་འགུལ་སྐྱོད་དང་ཟས་ཀྱི་སྡེབ་ཁར་དོ་སྣང་བྱས་ན་འབྲས་བུ་ལེགས་པོ་འབྱུང་ཐུབ།
ནོར་འཁྲུལ་བརྒྱད་པ། སྤྱོད་ཁང་དུ་འབུད་ཞོར་དུ་ཐ་མག་འཐེན་ན་བཟང་བར་འདོད་པ།
ཞིབ་འཇུག་བྱས་པ་ལས་ར་སྤྲོད་བྱུང་བ་ལྟར་ན། མི་མང་པོ་ཞིག་གིས་བསམ་པར་སྤྱོད་ཁང་དུ་དྲི་ངན་བྲོ་བས་ཐ་མག་འཐེན་ན་དྲི་ངན་ཅུང་ཡལ་དུ་འཇུག་སྲིད་པར་འདོད་བཞིན་ཡོད་ལ། དོན་དངོས་སུ། སྤྱོད་ཁང་དུ་ཨན་དབུགས་ཀྱི་འདུས་ཚད་གནས་གཞན་པ་གང་ལས་ཀྱང་མཐོ་བས། དབྱང་དབུགས་འདུས་ཚད་བལྟོས་བཅས་ཀྱིས་ཅུང་དམའ་བར་བརྟེན། དེ་ལྟ་བུའི་ཁོར་ཡུག་ཏུ་ཐ་མག་འཐེན་ན་དབྱང་གཉིས་ཟི་འགྱུར་དང་དབྱང་གཅིག་ཐན་འགྱུར་མང་པོ་འབྱུང་སྲིད་པ་དང་། སྤྱོད་ཁང་ནང་གི་དུག་རླངས་སོགས་ཀྱང་ཐ་མག་དང་མཉམ་དུ་གློ་སྟེང་དུ་འཇིབ་སྲིད་པས། མི་ལུས་བདེ་ཐང་ལ་གནོད་པ་ཆེན་པོ་འབྱུང་ངེས། པྲོག་དབྱིབས་འཕར་རྩའི་སྙིང་ནད་དམ་དལ་བའི་རང་བཞིན་གྱི་གློ་ཡུའི་ཡན་ལག་གཉན་ཚད་བྱུང་ཡོད་པའི་མིས་སྤྱོད་ཁང་དུ་ཐ་མག་འཐེན་ན། སྙིང་གཟེར་ལངས་པ་དང་སྙིང་རྩ་འགག་པའམ་གློ་ཡུའི་གཉན་ཚད་དང་དབུགས་འཚང་བ་སོགས་གློ་བུར་རང་བཞིན་གྱི་ནད་རྟགས་འབྱུང་སྲིད།