༄༅།། མན་ངག་རྒྱུད་ཀྱི་མཆིན་ནད་བཅོ་བརྒྱད་དུ་དེང་གི་མཆིན་ནད་དག་འདུས་སམ།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 11-04


        ང་ཚོ་བོད་ཀྱི་སྨན་པ་རྣམས་ཀྱིས་དེང་དུས་ཐུགས་བསམ་བཞེས་དགོས་པ་ཞིག་ལ། དེང་དུས་མཆིན་པའི་ནད་ལ་མང་ཤོས་དེ་མཆིན་ནད་Aདང་B ཉེ་དུས་ཡང་མཆིན་ནད་Cའདི་ཚང་མ་འགོས་ནད་རེད། གསོ་རིག་རྒྱུད་བཞིའི་ནང་དུ་རིམས་ནད་སྐབས་སུ་མཆིན་ནད་གཅིག་ཀྱང་མེད་པ་མ་ཟད། མཆིན་ནད་རིགས་བཅོ་བརྒྱད་དབྱེ་ཡོད་ཀྱང་དེའི་ནང་ལ་འགོས་ནད་གཅིག་ཀྱང་གསུངས་མི་འདུག ད་རུང་མཆིན་པར་ཞག་རྩི་རྒྱས་པ་དང་། མཆིན་པ་སྲ་འགྱུར། མཆིན་པའི་ཀན་སེའམ་ངན་སྐྲན་ཏེ། མཆིན་པའི་ངན་སྐྲན་རྒྱུ་འབྲས་དང་བཅས་པའི་ནད་རིགས་འདི་དག་གོང་གསལ་མཆིན་ནད་བཅོ་བརྒྱད་ཀྱི་ནང་དུ་འདུས་ཡོད་དམ་མེད། ཡོད་ན་རེ་རེ་བཞིན་ངོས་འཛིན་དང་། བཅོས་ཐབས་ལག་ལེན་བྱེད་འོས། གལ་སྲིད་མེད་ན་བོད་ཀྱི་གསོ་རིག་གིས་དེང་དུས་ཀྱི་མཆིན་ནད་རྣམས་བཅོས་མི་ཐུབ་པའང་མིན་ཏེ། གསོ་རིག་རྒྱུད་བཞི་རུ་བསྟན་པའི་མཆིན་ནད་ཀྱི་རྒྱུ་རྐྱེན། དབྱེ་བ། བཅོས་ཐབས་སོགས་ཀྱི་རིག་པ་ལ་བརྟེན་ནས་དེང་རབས་དང་མཐུན་པའི་བཅོས་ཐབས་གསར་པ་དང་། སྨན་སྦྱོར་གསར་པ་བཟོ་དགོས་པ་མ་ཟད། ད་ཡོད་ཀྱི་མཆིན་མཁྲིས་སྨན་དག་ལས་སྨན་གང་ཞིག མཆིན་ནད་གང་ལ་ཕན་པ་ཞིབ་འཇུག་དང་ཚོད་ལྟ་བྱས་ན། བོད་སྨན་གྱིས་མཆིན་ཞག་རྒྱས་པའི་ནད་བཅོས་ཐུབ། 

        མཆིན་ཞག་རྒྱས་པའི་ནད།脂肪肝

        དེང་དུས་བོད་ཀྱི་ས་ཁུལ་དུ་འཕྲོད་བསྟེན་གྱི་ཤེས་བྱ་ཡག་པོ་མེད་པའི་རྐྱེན་གྱིས་མིའི་ལུས་ཁམས་ལ་ནད་རིགས་སྣ་ཚོགས་འབྱུང་བའི་རྐྱེན་གཙོ་བོ་ཞིག་བྱེད་ཅིང་འདུག མིའི་ཚེ་སྲོག་མྱུར་དུ་འཕྲོག་པའི་ནད་རིགས་འགའ་ཞིག་ནི་ཟས་སྤྱོད་ཡག་པོ་མ་ཤེས་པའི་རྐྱེན་གྱིས་ནད་གདུག་པ་ཅན་མང་པོ་བསྐྱེད་ཅིང་ཡོད་པ་དེ་དག་ལས་གཅིག་ནི་མཆིན་ཞག་རྒྱས་པའི་ནད་འདི་རེད། ནད་འདི་ནི་ཧ་ཅང་གི་གཟབ་དགོས་པ་ཞིག་རེད།

        ཐོག་མར་མཆིན་ཞག་རྒྱས་པ་བྱུང་ན་ཟས་དང་སྤྱོད་ལམ་གཟབ་པ་ལ་བརྟེན་ནས་བཅོས་ཐུབ་པ་དང་། དེས་མ་ཐུབ་ན་དུས་ཐོག་ཏུ་སྨན་བཅོས་བྱས་ན་བཅོས་ཐུབ། མཆིན་ཞག་རྒྱས་པའི་ནད་དེ་ཡུན་རིང་ན་མཆིན་པ་སྲ་འགྱུར་གྱི་ནད་ལ་འགྱུར་རྒྱུ་རེད། སྐབས་དེར་མཆིན་པའི་ནུས་པ་ཕལ་ཆེར་འཕྲོ་བརླག་བྱུང་ཟིན་སྟབས། དེ་ལས་སྡུག་ཏུ་མི་འགྱུར་པའི་ཐབས་ཤེས་བཙལ་བ་ལས་མཆིན་པའི་ནུས་པ་སྔར་བཞིན་བསྐྱར་གསོ་འབྱུང་དཀའ། ཡང་ན་མཆིན་པ་བརྗེ་བའི་ཐབས་ཤེས་བྱ་དགོས། མཆིན་པ་སྲ་འགྱུར་གྱི་ནད་ཡུན་འགོར་ན་མཆིན་པའི་ཀན་སེ་(肝癌) ཞེས་པ་མཆིན་སྐྲན་གྱི་ནད་ལ་འགྱུར་གྱི་ཡོད་པ་རེད།

        མཆིན་པའི་ཀན་སེའི་ནད་བྱུང་ན་མིག་སྔར་གྱི་གསོ་རིག་གི་ལག་རྩལ་གྱིས་བཅོས་ཐབས་མེད་པ་ཕལ་ཆེར་འཆི་རྒྱུ་ལས་ཐབས་མེད་པ་ཆགས་ཚར་པ་རེད། དེས་ནས་མཆིན་ཞག་རྒྱས་པའི་ནད་ཀྱིས་ཟིན་ཚེ་ཟས་སྤྱོད་སྨན་གསུམ་ལ་བརྟེན་ནས་མྱུར་དུ་ནད་དེ་བཅོས་ཐུབ་པར་བྱ་རྒྱུར་འབད་བརྩོན་བྱ་དགོས།


  མཆིན་ཞག་རྒྱས་པའི་རྐྱེན་གྱིས་རྒྱུ་འབྲས་འབྲེལ་བའི་མཆིན་ནད་དཔེ་རིས།


        1.ཤ་རྒྱགས་པའི་རྐྱེན་གྱིས་མཆིན་ཚིལ་རྒྱས་པ། 

        མཆིན་པའི་ནང་སྣུམ་རྩི་གསོག་ཚད་དང་ལུས་ཀྱི་ལྗིད་ཚད་གོ་བསྡུར་ན། ཤ་རྒྱགས་པ་ཅན་30%~50% བར་ལ་མཆིན་ཚིལ་རྒྱས་པའི་ནད་ཡོད། ཤ་རྒྱགས་དྲགས་པའི་མི་ལ་མཆིན་ཚིལ་རྒྱས་པའི་ནད་གཞི་དེ་61%~94% ཡོད་ངེས། ཤ་རྒྱགས་པའི་ལུས་ཀྱི་ལྗིད་ཚད་ལ་ཚོད་འཛིན་ཐུབ་ན། སྣུམ་རྩི་རྣམས་རིམ་བཞིན་མེད་པར་འགྱུར་ཐུབ།

        2.ཨ་རག་གིས་རྐྱེན་པའི་མཆིན་ཚིལ་རྒྱས་པ། 

        དུས་རྒྱུན་ཨ་རག་འཐུང་མཁན་ལ་མཆིན་ཚིལ་རྒྱས་པའི་ནད་75%~95% བར་ཡོང་སྲིད། ཉིན་རེ་ཨ་རག་སྲང་དོ་ནས་གསུམ་བར་བརྒལ་བ་འཐུང་མཁན་ལ་ཨ་རག་གིས་རྐྱེན་པའི་མཆིན་ཚིལ་ནད་འབྱུང་ངེས་ཡིན།

        3.སྨྱུང་བའི་ཐབས་མགྱོགས་དྲག་པའི་སྐྱོན་ཅན་གྱི་མཆིན་ཚིལ་རྒྱས་པ། 

        ཟས་གཅད་དང་། བཟའ་བཏུང་ཚོད་འཛིན་ཐལ་དྲག་པ་སོགས་ལུས་ཀྱི་ལྗིད་ཚད་ཚ་འགྲིབ་བྱས་པའི་རྐྱེན་གྱིས། མཆིན་པའི་ནང་གི་འབྱུང་བའི་རྫས་རིགས་འགའ་ཞིག་རྒྱུན་ལྡན་མ་ཡིན་པའི་འཕེལ་འགྲིབ་ཀྱིས་དབང་གིས་མཆིན་ཚིལ་རྒྱས་པའི་ནད་གཞིའི་རྐྱེན་བྱེད་བཞིན་ཡོད།

        4.ལུས་བཅུད་མི་འདང་པའི་མཆིན་ཚིལ་རྒྱས་པ། 

        ལུས་ཀྱི་ཟུངས་བཅུད་ཞན་བའི་རྐྱེན་གྱིས་སྒོང་སྤྲི་དཀར་པོས་མི་འདང་བ་ནི་མཆིན་ཚིལ་རྒྱས་པའི་ནད་གཞི་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་ཞིག་ཡིན། བཟའ་བཏུང་གིས་མི་འདང་བ་དང་། ཕོ་བས་མི་ཞུ་བའི་རྐྱེན་གྱིས་སྣུམ་རྩིའི་སྒོང་སྤྲི་ཆད། དེའི་རྐྱེན་གྱིས་ཐྲེ་རྒི་ལེ་སྲེ་རའེ་ཏི་ཞེས་པའི་འབྱུང་བའི་རྫས་དེ་མཆིན་པའི་ནང་བསགས་པས། མཆིན་པར་ཚིལ་རྒྱས་ཀྱི་ནད་འབྱུང་སྲིད།

        5.གཅིན་མངར་སྐྱོན་གྱིས་མཆིན་ཚིལ་རྒྱས་པ། 

        གཅིན་མངར་གྱི་ནད་པའི་ནང་50%ལ་མཆིན་ཚིལ་རྒྱས་པའི་ནད་ཡོད་འདུག དེའི་ནང་མང་ཆེ་བ་ན་ཚོད་སྨིན་པའི་ནད་པ་ཡིན། ལོ་ན་སྨིན་པའི་གཅིན་མངར་མོའི་ནད་པ་50%~80% ཤ་རྒྱགས་པ་ཅན་ཡིན། དེ་ནི་ཟས་ཀྱི་སྣུམ་རྩི་དང་མངར་རིགས་གཉིས་ཀ་དང་འབྲེལ་བ་ཡོད།

        6.སྨན་རྫས་ཀྱི་རྐྱེན་གྱིས་མཆིན་ཚིལ་རྒྱས་པ། 

        སྨན་རྫས་འགའ་ཞིག་དང་། རྫས་འགྱུར་གྱི་དུག་རིགས་འགའ་ཞིག་གིས་རྐྱེན་གྱིས་ལུས་ཁམས་ཀྱི་འབྱུང་བའི་རྫས་རིགས་འཁྲུགས་རྐྱེན་བྱས་ཏེ་མཆིན་ཚིལ་རྒྱས་པའི་ནད་གཞི་བསྐྱེད་པར་བྱེད་སྲིད། དཔེར་ན། ཞ་ཉེ་དང་། དངུལ། དངུལ་ཆུ་སོགས་ཀྱི་རྫས་རིགས་འགའ་ཞིག་གིས། གྱུར་དུག་ཅན་གྱི་མཆིན་ཚིལ་རྒྱས་པའི་རྐྱེན་བྱེད་ཅིང་ཡོད།

        7.སྦྲུམ་མའི་རྐྱེན་གྱིས་མཆིན་ཚིལ་རྒྱས་པ། 

        མངལ་སྦྲུམ་ཐོག་མའི་སྐབས་སུ་ཟླ་བ་བརྒྱད་ཙམ་ཟིན་པ་དང་མཆིན་ཚིལ་རྒྱས་ན། ནད་གཞི་ཚབ་ཆེན་འབྱུང་བ་དང་། མ་བུ་གཉིས་ཀའི་ལུས་ཀྱི་གཟི་མདངས་ཡལ་བས། ཤི་བའི་ཉེན་ཁ་70%~80% བར་ཡོད།

        8.རྒྱུ་རྐྱེན་གཞན་གྱིས་རྐྱེན་པའི་མཆིན་ཚིལ་རྒྱས་པ། 

        གཅོང་ནད་(结核病)དང་། སྲིན་འབུ་ཅན་གྱི་གློ་ཚད། ཁྲག་ངན་གྱུར་པའི་ནད་སོགས་ལ་གཉན་ཁ་རྒྱས་པའི་སྐབས་སུ་མཆིན་ཚིལ་རྒྱས་པའི་ནད་འབྱུང་སྲིད། དུག་སྲིན་ཅན་གྱི་མཆིན་ཚད་ན་བའི་ནད་པར་འགུལ་བསྐྱོད་ཚད་འཛིན་བྱེད་དྲག་པ་དང་། ཀ་རའི་རིགས་དང་། ནུས་པ་ཚ་བའི་རིགས་སྟེ་དཔེར་ན་ཤ་དང་། སྣུམ་ལྟ་བུ་ཟ་མང་ན་མཆིན་པའི་ཕྲ་ཕུང་གསོག་སླ་བས། མཆིན་ཚིལ་རྒྱས་པའི་ནད་དེ་ལས་འབྱུང་སླ། གོང་གསལ་ནད་རིགས་ཀྱིས་སྐྱེད་པའི་མཆིན་པ་ལ་ཞག་རྩི་རྒྱས་ན་ནད་དེ་དག་གི་གཉན་ཁ་ཆག་པ་དང་། ནད་གཞི་དེ་དག་དྲག་སྐྱེད་བྱུང་ཚེ་མཆིན་ཚིལ་རྒྱས་པའི་ནད་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད། ད་རུང་ཕོ་བ་དང་རྒྱུའི་ཟུངས་བཅུད་མཐོ་བའི་ནད་དང་། གྱུར་དུག་ཅན་གྱི་མཆིན་ཚིལ་རྒྱས་པ། རིགས་བརྒྱུད་ཀྱི་མཆིན་ཚིལ་རྒྱས་པ་བཅས་ཡོད།

 ཟས་སྤྱོད་སྤང་བླང་སྐོར། 

        སྤང་བྱའི་ཟས་སྤྱོད། ཟོག་ཤ་དང་ལུག་ཤ་ཚོན་པོ། ཕག་ཚིལ། ཟོག་ཚིལ་སོགས་ཚིལ་གྱི་རིགས། ཆང་དང་ཨ་རག་གི་རིགས་རྣམས་གཏན་ནས་སྤང་དགོས། །མངར་ཆའི་རིགས་ཀྱི་བཟའ་ཆས། སྐོམ་རྩི་སོགས་སྤང་དགོས། དུས་རྒྱུན་ཟས་སྐོམ་རིགས་ཁ་ཟ་སྣ་ཟ་(零碎小吃)བྱ་མི་རུང་། ལྷག་པར་དགོང་མོ་ཉལ་བའི་སྔོན་དུ་ཟས་རིགས་བཟའ་རྒྱུར་འཛེམས་དགོས། གཞན་ཡང་མཚན་གཉིད་ཆག་པ། སེམས་ལས་ཆེ་བ། ཁོང་ཁྲོ་མང་བ་སོགས་ཤིན་ཏུ་འཛེམས་དགོས། 

བླང་བྱའི་ཟས་སྤྱོད། 

        རྒྱུན་ཟས་སྔོ་ཚལ་དང་། ཤིང་ཐོག་རིགས། ཤ་ཞན་པའི་རིགས་ཏེ་ཉ་ཤ་དང་། བྱ་ཤ་ཚིལ་མེད་ལྟ་བུ། བྲ་བོ་དང་། སྲན་རྩམ་སོགས་བཟའ་དགོས། ལུས་ཀྱི་ཟུངས་བཅུད་མ་འདང་པའི་རྐྱེན་ལས་བྱུང་བའི་མཆིན་ཚིལ་རྒྱས་པའི་ནད་ཡིན་ན། ཟུངས་བཅུད་གང་འཚམས་རེ་ཁ་སྣོན་བྱ་བ་དང་། ལྷག་པར་དུ་སྒོང་སྤྲི་དཀར་པོ་ཡོད་པའི་ཟས་རིགས་དང་། འཚོ་བཅུད་སྨན་ཡོད་པའི་ཟས་རིགས་བརྟེན་དགོས། ནད་པ་ཧ་ཅང་ཤ་རྒྱགས་པ་ཡིན་ན་རྒྱུན་ལྡན་གྱི་བཟའ་བཏུང་ཡང་ཉུང་དུ་གཏང་ནས། ལུས་ཀྱི་ལྗིད་ཚད་ཚད་ལྡན་དུ་འགྱུར་རྒྱུར་འབད་དགོས། གཅིན་མངར་མོའི་ནད་གཞི་ཡོད་ན་ཁྲག་གི་མངར་ཆ་ཚོད་འཛིན་བྱ་དགོས། མེ་མཉམ་རླུང་གི་བྱེད་ལས་ཚད་ལྡན་དུ་འགྱུར་བའི་ཆེད་དུ། ཉིན་ལྟར་རྒྱུན་ལྡན་དུ་བོད་ལུགས་ཀྱི་ལུས་རྩལ་སྦྱོང་བརྡར་རྟེན་ལ་ཕྱག་བསྐོར་དང་། ཡང་ན་དེང་དུས་ལུས་རྩལ་རིགས་གང་འཚམས་འབད་དགོས།

        སྔོན་འགོག་གི་སྨན་དཔྱད། སྨན་རྫས་རིགས་ལ། མཆིན་པའི་ནུས་པ་བསྐྱེད་བྱེད་དང་། མཆིན་ནད་འགོག་བྱེད་ཀྱི་ཟས་སྨན་རིགས་བརྟེན་དགོས། དཔེར་ན། བྲ་བོ་དང་། འབྲས། རྩམ་པ། ཉ་ཤ ཟོག་ཤ་ཚིལ་མེད་སོགས་དང་། བཅུད་སྨན་ B、C、E,སོགས་བརྟེན་ནས་མཆིན་པའི་ནུས་པ་སྲུང་དགོས།

        བོད་སྨན། སེར་འབྲུ་དྭངས་གནས་ཞོགས་པ་རྒྱུན་བརྟེན་བྱ། གཞན་ཡང་བདུད་རྩི་སུམ་སྦྱོར། གུར་གུམ་མཆོག་བདུན། ཏིག་ཏ་བརྒྱད་པ་རྣམས་བརྟེན་ན་མཆིན་ཁམས་ཀྱི་འབྱུང་རྫས་རྒྱུན་ལྡན་དུ་གྱུར་ཏེ་མཆིན་ཚིལ་རྒྱས་པ་ཞི་ནུས་སོ། །སྨན་རིགས་གང་ཞིག་ཟོས་རྗེས་ངེས་པར་མཆིན་པ་བརྒྱུད་ནས་དྭངས་སྙིགས་འབྱེད་པ་དང་། དུག་འདོན་བྱ་དགོས་སྟབས། མཆིན་པའི་ནུས་པ་ཉམས་རྒུད་མི་འགྲོ་བའི་ཆེད་དུ། འབྱུང་ཁམས་འཁྲུག་བྱེད་ཀྱི་སྨན་རྫས་དང་། དུག་ལྡན་གྱི་སྨན་རྫས། མཆིན་པ་ལ་གནོད་པའི་སྨན་རྫས་རྣམས་གཏན་ནས་འཐུང་མི་རུང་། །  
        དེང་དུས་བོད་སྨན་པའི་ལག་དགྲས་ཕུང་པའི་ནད་པ་མང་པོ་འཆི་རྐྱེན་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་དམིགས་ནས།  བོད་ཀྱི་ནད་པ་རྣམས་ལ་རང་སྲུང་བྱ་རྒྱུའི་འབོད་སྐུལ་གྱི་ཆེད་དུ་རྒྱལ་ཁམས་པ་དེས་ལྷོ་ནུབ་མི་རིགས་གཙུག་ལག་སློབ་སྡེ་ནས་སྤྲིངས་སོ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1