༄༅།།ཡིག་སྒྱུར་བ་དང་འབྲེལ་བ་ཆེན་པོ་ཡོད་པའི་རྒྱུ་རྐྱེན་འགའ་གླེང་བ།
འོད་གསལ་མཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-10
དེང་གི་དུས་འདིར། སྤྱི་ཚོགས་དང་དཔལ་འབྱོར། ཚན་རྩལ་སོགས་མུ་མཐུད་དུ་གོང་ནས་གོང་དུ་འཕེལ་བ་དང་བསྟུན་ནས། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དང་། མི་རིགས་དང་མི་རིགས་ཀྱི་བར། ཐ་ན་མི་དང་མིའི་བར་གྱི་འབྲེལ་བ་དང་འགྲོ་སོང་། བསམ་བློ་བརྗེ་རེས་སོགས་སྔར་ལས་ཇེ་ཟབ་དང་ཇེ་རྒྱས་སོང་ནས། དེང་གི་སྤྱི་ཚོགས་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གནས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད། དེ་དང་བསྟུན་ནས་ཡིག་སྒྱུར་གྱི་བྱ་བ་འདི་དང་གོང་ནས་གོང་དུ་སྤེལ་བཞིན་ཡོད་ལ། ཡིག་སྒྱུར་བ་དག་གི་གོ་གནས་ཇེ་མཐོ་རུ་སོང་དང་འགྲོ་བཞིན་ཡོད། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་སྐད་དང་ཡི་གེ་མི་འདྲ་ལ། མི་རིགས་དང་མི་རིགས་བར་གྱི་སྐད་དང་ཡི་གེ་མི་འདྲ་བས། སྐད་དང་ཡི་གེ་མི་འདྲ་བའི་རྒྱལ་ཁབ་དང་མི་རིགས་བར་འབྲེལ་བ་འཛུགས་པ་དང་བསམ་བློ་བརྗེ་རེས་བྱེད་དགོས་ན། ངེས་པར་དུ་བར་སྨྱན་ཞིག་དགོས། དེ་ནི་ཡིག་སྒྱུར་རེད། གལ་ཏེ་ཡིག་སྒྱུར་བའི་བྱ་བ་འདི་མེད་ན། རིག་གནས་བརྗེ་རེས་དང་བརྒྱུད་སྤྲོད་ཅིག་གཏན་ནས་འབྱུང་མི་ཐུབ་ལ། ཁེར་ཚུགས་ཀྱི་སྐད་ཡིག་དང་རིག་གནས་གང་ཡིན་རུང་ཕྱི་འོང་རིག་གནས་ཀྱི་བཟང་ཆ་བསྡུ་ལེན་མ་བྱས་ན་འཕེལ་རྒྱས་བཟང་བོ་ཞིག་ཀྱང་ཡོང་མི་ཐུབ། རིག་གནས་གང་ཞིག་ཡིན་རུང་རིག་གནས་གཞན་པ་དང་བསམ་བློ་བརྗེ་རེས། སྤང་བླང་། བརྒྱུད་སྤྲོད་བྱེད་སྐབས་བར་སྨྱན་ཞིག་ངེས་པར་དུ་མེད་མི་རུང་། ཡིག་སྒྱུར་བྱ་བ་འདི་ཡང་ཧ་ཅང་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ལྡན་པ་ཞིག་ཀྱང་ཡིན་ཏེ། མི་ལ་ལས་སྐད་རིགས་གཞན་ཞིག་ཅུང་ཙམ་རྟོགས་པ་དང་ཚིག་མཛོད་ཅིག་ཡོད་ན་ཡིག་སྒྱུར་བྱེད་ཆོག་པར་འདོད་པ་དང་གཏན་ནས་མི་འདྲ། ཡིག་སྒྱུར་བ་ཞིག་ལ་མཚོན་ན། ཐོག་མར་སྐད་ཡིག་ནི་རྨང་གཞི་ཡིན་ལ། རྨང་གཞི་དེའི་ཁར་མ་ཡིག་གི་རྩོམ་པ་པོའི་འཚོ་བར་ཉམས་ལེན་བྱས་ཏེ། མ་ཡིག་གི་རྩོམ་པ་པོའི་ཡིད་ལ་དྲན་པ་ཇི་བཞིན་རང་གི་ཡིད་ལ་འཆར་ཐུབ་དགོས་པ་མ་ཟད། ད་དུང་འགྱུར་ཡིག་ཀློག་པ་པོའི་དང་དུ་ལེན་ཐུབ་ཚད་ལ་བསམ་བློ་གཏོང་དགོས། དེར་བརྟེན། ཡིག་སྒྱུར་བྱ་བ་ལས་སླ་མོ་ཞིག་མིན་པས། རང་གི་རིག་གནས་ཀྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་པ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས“ལས་རིགས་སྣ་བརྒྱ་མཁྱེན་པ”དང“འཛམ་གླིང་ཀུན་ཤེས”ཀྱི་ཚད་དུ་སླེབས་པར་འབད་དགོས།ཀའོ་མའོ་རའོ་ཡིས“ཡིག་སྒྱུར་ནི་གསར་རྩོམ་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། འགྱུར་ཡིག་བཟང་བོ་ཞིག་ཡིན་ན་གསར་རྩོམ་དང་མཉམ་པའམ་ཡང་ན་དེ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་ཡིན། སྐབས་རེར་ཡིག་སྒྱུར་ནི་གསར་རྩོམ་ལས་ཀྱང་དཀའ་ངལ་ཆེ་སྟེ། གསར་རྩོམ་བྱེད་ན་རང་གིས་འཚོ་བར་ཉམས་སུ་ལེན་དགོས་ལ། ཡིག་སྒྱུར་བྱེད་ན་གཞན་གྱི་ཉམས་སུ་བླངས་བའི་འཚོ་བ་ཉམས་སུ་ལེན་དགོས་པས་སོ”ཞེས་གསུངསཔ་ལྟར། ཡིག་སྒྱུར་ཅིག་བྱེད་ན་ཡིག་སྒྱུར་བ་དང་མ་ཡིག མ་ཡིག་གི་རྩོམ་པ་པོ།འགྱུར་ཡིག་གི་ཀློག་པ་པོ་བཅས་འདི་དག་གི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་དགོས། འདི་དག་གི་འབྲེལ་བ་འོས་ཤིང་འཚམས་པར་ཐག་གཅོད་བྱེད་ཐུབ་ན་ཡིག་སྒྱུར་གྱི་ལས་འདི་ཡོངས་སུ་འགྲུབ་པ་ཞིག་ཡིན། གཅིག ཡིག་སྒྱུར་བ་དང་མ་ཡིག་གི་རྩོམ་པ་པོའི་འབྲེལ་བ། ཡིག་སྒྱུར་ནི་ཡིག་སྒྱུར་བ་ཞིག་གིས་སྐད་ཡིག་ཅིག་ལ་བརྟེན་ནས་མ་ཡིག་གི་རྩོམ་པ་པོས་སྐད་ཡིག་གཞན་པ་ཞིག་གིས་མཚོན་པའི་བསམ་བློ་བསྐྱར་དུ་བསྟན་པ་ཞིག་ཡིན། ཡིག་སྒྱུར་བ་ནི་ཡིག་སྒྱུར་ཁྲོད་ཀྱི་གཙོ་བོ་ཡིན་ལ་གཙོ་ཁྲིད་ཀྱི་ནུས་པའང་འདོན་བཞིན་ཡོད་མོད། མ་ཡིག་ནི་ལམ་སྟོན་ལྟ་བུ་ཡིན་པས་དེ་སྣང་མེད་དུ་གཏན་ནས་འཇོག་མི་ཉན་པར། དེའི་ཕྱོགས་གཉིས་ཀྱི་ཆ་ལ་ངེས་པར་དུ་མཉམ་འཇོག་ནན་པོ་བྱེད་དགོས་ཏེ། མ་ཡིག་གི་རྩོམ་པ་པོ་དང་ཁོང་གི་མཚོན་པའི་བསམ་བློ་ཡིན། ཡིག་སྒྱུར་གྱི་གཞུང་ལུགས་སྨྲ་བ་ཧྥོ་ཏའོ་ལའོ་ཧྥུས“ཡིག་སྒྱུར་ནི་སྐད་ཡིག་ཅིག་ལ་བརྟེན་ནས་སྐད་ཡིག་གཞན་པ་ཞིག་གིས་བསྟན་པའི་ནང་དོན་དང་རྣམ་པ་དབྱེ་བ་མེད་པར་གཅིག་གྱུར་སྒོས་མཚོན་པའི་བྱ་བ་ཞིག་ཡིན་ལ། ཡང་དག་པ་དང་ཆ་ཚང་བའི་སྒོས་མཚོན་ཐུབ་དགོས”ཞེས་ཀྱང་གསུངས་ཡོད། བརྡ་འཕྲིན་བརྗེ་རེས་དང་ཡིག་སྒྱུར་བརྒྱུད་རིམ་ཁྲོད་ཡིག་སྒྱུར་བ་ཞིག་ཡིན་ན་ཐོག་མར་ཀློག་པ་པོ་ཞིག་གི་ཚུལ་དུ་མ་ཡིག་གི་རྩོམ་པ་པོའི་བརྡ་འཕྲིན་ཀློག་འདོན་དང་རྒྱུས་ལེན་བྱེད་དགོས། དེ་ནས་ཁོས་རྒྱུས་ལོན་པའི་བརྡ་འཕྲིན་དག་ཉན་མཁན་ནམ་ལྟ་མཁན་གཞན་པ་དག(ཀློག་པ་པོ)ལ་བརྒྱུད་སྤྲོད་བྱེད་དགོས། ཡིག་སྒྱུར་བ་ནི་སྐད་ཡིག་གཉིས་ཀྱི་ཁྱབ་ཁོངས་ནང་གི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་གླེང་ན། མ་ཡིག་གི་ཁྲོད་དུ་ཁོ་ནི་ཉན་མཁན་ནམ་ལྟ་མཁན་ཞིག(ཀློག་པ་པོ)ཡིན་ལ།མ་ཡིག་གི་ནང་དོན་ཀློག་འདོན་དང་ཡང་དག་པར་རྒྱུས་ལེན་པ་ནི་འོས་འགན་ཡིན། འགྱུར་ཕྱོགས་ཀྱི་ཆ་ནས་ཁོ་ནི་བཤད་འགྲེལ་མཁན་ཞིག་ཡིན་ལ། མ་ཡིག་གི་ནང་དོན་དེ་བཤད་པའམ་བྲིས་ནས་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པ་ནི་འོས་འགན་ཡིན། ཡིན་ནའང་ཡིག་སྒྱུར་སྐབས་སུ་དུས་རབས་སམ་ཡང་ན་འགྱུར་ཕྱོགས་ཀྱི་སྤྱི་ཚོགས་རིག་གནས་ཀྱིས་ཁོ་བོར་ཤན་ཤུགས་དང་ཚད་བཀག་ངེས་ཅན་རེ་ཐེབས་སྲིད་ལ། འགྱུར་ཕྱོགས་ཀྱི་རིག་གནས་ལ་གནོད་སྐྱོན་མི་བཟོ་ཆེད་དེ་ཉིད་སྣང་མེད་དུ་འཇོག་མི་ཉན། དེར་བརྟེན། ཡིག་སྒྱུར་བ་དང་མ་ཡིག་གི་རྩོམ་པ་པོའི་འབྲེལ་བ་གླེང་ན། ཡིག་སྒྱུར་བ་ནི་མ་ཡིག་གི་རྩོམ་པ་པོའི་འཆར་གཞིའི་ཁྲོད་ཀྱི་ཚད་ལྡན་ཀློག་པ་པོ་ཞིག་ཡིན་ལ། མ་ཡིག་གི་རྩོམ་པ་པོའི་བརྩམས་ཆོས་ཀྱི་འགྲེལ་བཤད་པ་ཆེས་ཕུལ་དུ་བྱུང་བ་ཞིག་ཀྱང་ཡིན། མ་ཡིག་གི་རྩོམ་པ་པོའི་འོས་འགན་ཕྲག་ཏུ་འཁུར་བའི་ཀློག་པ་པོའང་ཡིན། ཡིག་སྒྱུར་བས་རང་ངོས་ཀྱི་རིག་གནས་བྱང་ཚད་མུ་མཐུད་དུ་ཧུར་ཐག་གིས་ཇེ་མཐོར་གཏོང་བ་དང་། མ་ཡིག་གི་རྩོམ་པ་པོའི་ཐོབ་ཐང་དང་རྒྱབ་ལྗོངས། མི་ཚེའི་ལྟ་བ། འཇིག་རྟེན་ལྟ་བ་སོགས་རྒྱུས་ཞིབ་མོ་ལེན་དགོས་ལ། ལྷག་པར་དུ་རྩོམ་པ་པོ་ཞིག་ལ་རྒྱུས་ལན་དགོས་མིན་གྱི་གལ་ཆེན་རང་བཞིན་ནི་རྩོམ་ལུས་ལ་རག་ལས་པ་ཡིན། དཔེར་ན། རྩོམ་རིག་གི་བརྩམས་ཆོས་ལས་སྙན་ངག་དང་ལྷུག་རྩོམ་གྱི་རྩོམ་པ་པོ་དག་གི་རྒྱབ་ལྗོངས་དང་ལྟ་བ་རྒྱུས་ལེན་རྒྱུ་ཧ་ཅང་གལ་ཆེ། གལ་ཏེ་རྒྱུས་མ་ལོན་ན་དེས་མཚོན་པར་འདོད་པའི་བསམ་བློ་ཡང་དག་པར་སྟོན་དཀའ། གསར་འགྱུར་འབྲི་མཁན་ལ་རྒྱུས་མ་བླངས་ན་ཆོག་སྟེ། གསར་འགྱུར་ནི་དོན་དག་གིས་གཏམ་བཤད་པ་ཞིག་ཡིན་པས་དོན་དག་ཇི་མ་ཇི་བཞིན་དུ་བྲིས་པ་ཞིག་ལ་འབྲི་མཁན་གྱི་ལྟ་བ་དང་བསམ་བློ་འདྲེས་པ་ཤིན་ཏུ་དཀོན་པས་སོ། དེ་མིན་གཞུང་ལུགས་དང་ཚན་རིག་ཤེས་བྱ་སོགས་བསྒྱུར་སྐབས་རྩོམ་པ་པོ་ལ་རྒྱུས་ལེན་མི་དགོས། མ་ཡིག་གི་རྩོམ་པ་པོར་རྗེས་འདེད་རྣལ་མ་ཐུབ་ན་ད་གཟོད་མ་ཡིག་གི་རྩོམ་པ་པོ་དང་འདྲ་མཉམ་གྱི་གོ་གནས་སུ་གནས་ཐུབ། ཡིག་སྒྱུར་བརྒྱུད་རིམ་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་སྔར་ལས་ལེགས་པོར་འདོན་ཐུབ་པ་དང་། དུས་མཚུངས་སུ་མ་ཡིག་གི་རྩོམ་པ་པོ་ལ་བརྩི་འཇོག་དང་འགྱུར་ཡིག་གི་ཀློག་པ་པོ་དང་རིག་གནས་ལ་བརྩི་འཇོག་འབྱུང་ཐུབ། ཡིག་སྒྱུར་བ་དང་མ་ཡིག་གི་འབྲེལ་བ། ཡིག་སྒྱུར་བ་ནི་གསར་སྐྲུན་གྱི་གཙོ་བོ་ཡིན་ལ། འགྱུར་ཡིག་ནི་གསར་སྐྲུན་གྱི་གསར་ཐོན་སྐད་ཆ་ཞིག་ཀྱང་ཡིན། འགྱུར་ཡིག་གིས་མ་ཡིག་གི་ནང་དོན་དང་རྩོམ་གཤིས། བསམ་བློ་སོགས་ཐག་གཅོད་པ་ཡིན། གལ་ཏེ་འགྱུར་ཡིག་མེད་ན་མ་ཡིག་ཡུན་རིང་དང་རྒྱ་ཁྱབ་ཏུ་སྤེལ་དཀའ། འགྱུར་ཡིག་ལ་བརྟེན་ནས་མ་ཡིག་དེ་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བ། སྐད་རིགས་མི་འདྲ་བར་རྒྱ་ཁྱབ་ཏུ་སྤེལ་བཞིན་ཡོད། བརྩམས་ཆོས་ཤིག་བསྒྱུར་མགོ་བརྩམས་པ་ནས། མ་ཡིག་དང་འགྱུར་ཡིག་གཉིས་ཀྱི་ནང་དོན་ཕན་ཚུན་བརྗེ་རེས་ཀྱི་གོ་རིམ་ཞིག་ཏུ་ཞུགས་པ་ཡིན་ལ། གོ་རིམ་དེ་ནི་སྣ་གཅིག་དང་ཕྱོགས་གཅིག ཕྱི་ངོས་ཙམ་གཏན་ནས་མིན་པར། ཧ་ཅང་རྙོག་འཛིང་ཆེ་བའི་གོ་རིམ་ཞིག་ཡིན་ལ་ཡིག་སྒྱུར་བ་ནི་མ་ཡིག་གི་ཀློག་པ་པོ་ཞིག་ཀྱང་ཡིན་པས། སྤྱིར་བཏང་གི་ཀློག་པ་པོ་དང་འདྲ་བར་ཁོ་རང་ནར་སོན་པའི་བརྒྱུད་རིམ་དང་འཚོ་བའི་ཉམས་མྱོང་། རིག་གནས་ཁོར་ཡུག་སོགས་ཀྱིས་མ་ཡིག་གི་ནང་དོན་ལ་གོ་བ་ལེན་པར་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་བཞིན་ཡོད། ཡིག་སྒྱུར་བ་ཞིག་ལ་མཚོན་ན་མ་ཡིག་གི་རྩོམ་པ་པོ་དང་མ་ཡིག་གི་ནང་དོན་དངོས་ཀྱི་ལྟ་བ་དེ་རྨང་གཞི་དང་གཙོ་བོར་བཟུང་ནས། རང་གི་རིག་གནས་ཀྱི་རྒྱབ་ལྗོངས་ཁྲོད་ཀྱི་རྒྱུ་ཆ་བླངས་ནས་མ་ཡིག་ལ་གོ་བ་ཡང་དག་པ་ལེན་དགོས། བསྒྱུར་བྱའི་ལས་རིགས་སམ་ཡང་ན་རྩོམ་ལུས་མི་འདྲ་བ་ལ་བརྟེན་ནས་མ་ཡིག་གི་རྙོག་འཛིང་རང་བཞིན་དང་རྩོམ་གཤིས་འབུར་དོད་རང་བཞིན་ཡང་མི་འདྲ་བས་མ་ཡིག་ལ་གོ་བ་ལེན་པའི་ཚད་རིམ་དང་བླང་བྱ་ཡང་མི་འདྲ། དཔེར་ན་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིན་ན་རྩོམ་པ་པོས་ཀློག་པ་པོ་དག་གི་ཡིད་ལས་འགོངས་བའི་རྩོམ་རྩལ་གསར་བ་སྤྱད་ནས་གསར་རྩོམ་བྱས་པ་ཞིག་ཡིན་པས། དེར་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ཤིག་དང་ལྟ་བ་ཞིག སྒྲིག་གཞི་ཞིག་ཡོད། ང་ཚོས་རྒྱུན་ལྡན་གྱི་དབྱེ་ཞིབ་བྱེད་ཐབས་ཤིག་སྤྱད་ནས་བརྩམས་ཆོས་དེའི་ནང་དོན་རྒྱུས་བླངས་ན། མ་ཡིག་དང་འགྱུར་ཡིག་གི་བར་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན། ཡིག་སྒྱུར་བ་ཞིག་གིས་བརྩམས་ཆོས་དེ་འདྲ་བསྒྱུར་དུས། ཐོག་མར་མ་ཡིག་གི་ནང་དོན་དང་ལྟ་བ་ཅི་ཞིག་མཚོན་པར་རྒྱུས་ཞིབ་མོ་ལེན་དགོས་པ་མ་ཟད། ལྟ་བ་དེ་མཚོན་པའི་རྩོམ་གཤིས་དང་སྒྲིག་གཞིའི་ཐུན་མོང་མ་ཡིན་པའི་ཆ་དེ་ངེས་པར་དུ་ཤེས་དགོས་པ་མ་ཟད། འགྱུར་ཡིག་ཏུའང་གང་ལེགས་སྒོས་མཚོན་དགོས། ཀྲུང་གོའི་དེང་རབས་མཁས་ཆེན་ཝང་དབྱི་ཀྲུའུ་ཡིས“འགྱུར་ཡིག་བཟང་བ་ཞེས་པ་ནི་མ་ཡིག་གི་ཚིག་རྐང་རེ་རེ་དང་བརྗོད་པ་རེ་རེ་བཞིན་གནས་སྤོར་བ་ལྟར་བསྒྱུར་བ་ཞིག་མིན་པར། གཙོ་བོ་ནི་མ་ཡིག་གི་རྩོམ་ཉམས་ལྟེ་བ་ཇི་བཞིན་མཚོན་པ་ཞིག་ཡིན”ཞེས་དང་། ཡིག་སྒྱུར་གཞུང་ལུགས་སྨྲ་བ་སུའོ་པའོ་ལེ་ཧྥུས“ཡིག་སྒྱུར་དམིགས་ཡུལ་ནི་སྐད་རིགས་ཤིག་གི་ནང་དོན་དང་རྣམ་པ་སྐད་རིགས་གཞན་པ་ཞིག་ཏུ་བསྒྱུར་བ་དེ་ཡིན”ཞེས་གསུངས་པ་ལྟར། ཡིག་སྒྱུར་བས་གཙོ་ཁྲིད་གོ་གནས་བཟུང་ཡོད་མོད། ཡིག་སྒྱུར་བ་ནི་ཁ་ལོ་བསྒྱུར་མཁན་དང་དབང་བསྒྱུར་མཁན་ཞིག་མིན་པར་མ་ཡིག་གི་བརྒྱུད་སྤྲོད་མཁན་དང་བརྗེ་བསྒྱུར་མཁན་ཞིག་ཡིན་པས། མ་ཡིག་བསྒྱུར་སྐབས། མ་ཡིག་གི་སྐད་ཆའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱདཆོས་མཚོན་དགོས་པ་མ་ཟད། ད་དུང་བརྩམས་ཆོས་ཀྱི་དུས་རབས་རང་བཞིན་དང་ལོ་རྒྱུས་རང་བཞིན་ལ་གཞིགས་ནས་མཚོན་ཐབས་མི་འདྲ་བ་ལ་བརྟེན་ནས་དུས་རབས་མི་འདྲ་བའི་བརྩམས་ཆོས་བསྒྱུར་ནས། དུས་རབས་ཀྱི་ཁྱད་ཆོས་སྲུང་འཛིན་བྱེད་དགོས། ཡིག་སྒྱུར་བ་དང་འགྱུར་ཡིག་གི་ཀློག་པ་པོའི་འབྲེལ་བ། དེང་རབས་ཡིག་སྒྱུར་རིག་པས་འགྱུར་ཡིག་གི་ཀློག་པ་པོ་དང་ཡིག་སྒྱུར་བ། སྤྱི་ཚོགས་རིག་གནས་བཅས་རྒྱུ་ཆ་གསུམ་གྱིས་ཡིག་སྒྱུར་བྱ་བའི་དར་རྒུད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་གསལ་བོར་བསྟན་ཡོད། ཡིག་སྒྱུར་གྱི་དམིགས་ཡུལ་སྨྲ་བས་ཡིག་སྒྱུར་ལ་དམིགས་ཡུལ་དང་འཆར་གཞི་གསལ་བོ་ཞིག་ཡོད་དེ། འགྱུར་ཡིག་གི་རིག་གནས་རྒྱབ་ལྗོངས་དང་རིག་གནས་ཁྱབ་ཁོངས་ཁྲོད་ཀྱི་ཀློག་པ་པོའི་རེ་འདོད་ལྟར་འགྱུར་ཡིག་ནུས་པ་འདོན་པ་དེ་ཡིན། འགྱུར་ཡིག་གི་ཀློག་པ་པོ་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤེས་བྱ་དང་འཇིག་རྟེན་ལྟ་བ་ཡོད་པས། ཡིག་སྒྱུར་བས་མ་ཡིག་ཅི་ཞིག་འདེམས་པ་དང་སྒྱུར་ཐབས་གང་ཞིག་ལ་བརྟེན་ན་ད་གཟོད་འགྱུར་ཡིག་གི་རིག་གནས་གོམས་སྲོལ་དང་འཇིག་རྟེན་ལྟ་བར་མཐུན་པ་དང་། ཀློག་པ་པོའི་རེ་འདོད་དང་འཚམས་པར་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས། དེ་འདྲ་མིན་ན་འགྱུར་ཅི་འདྲ་མང་བོ་ཡོད་རུང་ཀློག་པ་པོས་དང་དུ་མ་བླངས་ན་འགྱུར་ཡིག་གི་ནུས་པ་མི་འཐོན་ཞིང་དམིགས་ཡུལ་ཡང་འགྲུབ་མི་སྲིད། ཡིག་སྒྱུར་མཐར་ཐུག་གི་དམིགས་ཡུལ་ནི་རིག་གནས་དང་བསམ་བློ་བརྗེ་རེས་ཀྱི་དམིགས་ཚད་ཅིག་ཏུ་སླེབས་པར་འཇུག་པ་དེ་ཡིན་པས། འགྱུར་ཡིག་གིས་འགྱུར་ཡིག་གི་ཀློག་པ་པོ་དང་འབྲེལ་བ་འཛུགས་པ་དང་ཀློག་པ་པོའི་ནུས་པ་གང་ལེགས་སྒོས་འདོན་དུ་འཇུག་ཐུབ་ན་ད་གཟོད་འགྱུར་ཡིག་གི་དམིགས་ཡུལ་འགྲུབ་པ་རེད། ཡིག་སྒྱུར་ཚད་གཞིའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་གཞིགས་ནའང་ཡིག་སྒྱུར་གྱི་བྱ་བའི་ཁྲོད་འགྱུར་ཡིག་གི་ཀློག་པ་པོའི་གོ་གནས་ཆེན་པོ་ཞིག་བཟུང་ཡོད་པ་གསལ་བོར་བསྟན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1