སྣེ་གདོང་ཆུས་མི་རིགས་འཐག་བསླས་ལག་ཤེས་ཆེད་ལས་མཉམ་ལས་ཁང་ནི་ལྷོ་ཁ་གྲོང་ཁྱེར་གྱི་དམངས་གཉེར་ཁེ་ལས་ལེགས་གྲས་ཀྱི་གྲས་ཤིག་ཡིན་པ་དང་། ད་ལྟ་མཉམ་ལས་ཁང་ལ་ལས་མི ༡༢༢ ཡོད། དེའི་ཁྲོད་མང་ཆེ་བ་ནི་ས་ཆ་དེ་གའི་དབུལ་ཕོངས་དུད་ཁྱིམ་གྱི་ཞིང་འབྲོག་མང་ཚོགས་དང་དབང་པོ་སྐྱོན་ཅན། ལས་ཞུགས་མ་ཐུབ་པའི་གཞོན་ནུ་བཅས་ཡིན། མཉམ་ལས་ཁང་ནི་རྩེ་ཐེར་རྟགས་ཅན་གྱི་འཁལ་ཐག་ཐོན་ལས་དང་མི་རིགས་ཡུལ་སྐོར་བཟོ་ལས་ཐོན་རྫས། བོད་ཀྱི་རི་མོའི་ཞིབ་འཇུག་དང་གསོ་སྐྱོང་ལས་སྒོ། ལྷ་བྲིས་སོགས་ལས་གྲུབ་ཡོད། ལྷག་པར་དུ་མཉམ་ལས་ཁང་དེ་ནས་ཐོན་པའི་རྩེ་ཐེར་རྟགས་ཅན་གྱི་ཐེར་མའི་ཐོན་རྫས་ལ་རང་ལྗོངས་ཙམ་མ་ཟད་རྒྱལ་ཕྱི་རྒྱལ་ནང་ཀུན་ཏུ་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།
མཉམ་ལས་ཁང་གི་འགན་ཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། རྩེད་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གནས་སའི་རྩེད་ཐང་གྲོང་རྡལ་གྱི་བསྡུས་མིང་དང་ཐེར་ནི་ཐེར་མའི་བསྡུས་མིང་རེད། སྤྱི་ལོ ༢༠༠༨ ལོར་རིམ་ཁག་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རྩེ་ཐང་མི་རིགས་ཐེར་མའི་འཁེལ་འཐག་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་གཉེར་ཞིང་ཆེད་མངགས་རྩེད་ཐང་གྲོང་ལྷན་གྱི་དགུང་ལོ ༨༥ ལ་ཕེབས་པའི་རྒན་རབས་གདན་དྲངས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་རྩེད་ཐེར་འཁལ་འཐག་ལག་རྩལ་ལ་དྲན་གསོ་དང་ཚོད་ལྟ། ཞིབ་འཇུག་རྒྱུན་འཛིན་བཅས་གནང་བས་གཞི་རྩའི་ཐོག་རྩ་ཆེའི་མངོན་མིན་རིག་གནས་ཤུལ་བཞག་རྩེད་ཐེར་གྱི་ལག་རྩལ་མྱུར་སྐྱོབ་ཐུབ་ནས། རྩེད་ཐེར་གྱི་ཐོན་རྫས་ཀྱང་རིམ་པ་མཐོ་ཞིང་སྤུས་ཀ་དག་པའི་ཁོངས་སུ་ཚུད་ཡོད་ཅེས་གསུངས།།