བོད་རིགས་དཔྱོད་ལྡན་ཞིག་ལ་2018ལོའི་ཨ་རིའི་ཆེས་མཐོའི་སྐད་བརྡ་རིག་པའི་བྱ་དགའ་ཐོབ།

པདྨ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 12-14



           རྩོམ་སྒྲིག་པའི་མཆན། 1924ལོར་གྲོང་ཁྱེར་ཉིག་ཡོག་ནས་དབུ་བརྙེས་པའི་ཨ་རིའི་སྐད་བརྡ་ཞིབ་འཇུག་མཐུན་ཚོགས(LSA)ནི་ཨ་རིའི་སྐད་བརྡ་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཁྲོད་ནས་དབང་གྲགས་ཅན་གྱི་ལས་ཁུངས་ཤིག་ཡིན།     LSAཡིས་ཧུར་བརྩོན་གྱིས་མི་རྣམས་ལ་སྐད་བརྡ་རིག་པའི་གནད་དོན་ལ་དོ་སྣང་བྱེད་དུ་བཅུག་པ་མ་ཟད། སྐད་གཉིས་སློབ་གསོ་དང་སྐད་བརྡ་ཉེན་ཁ་སོགས་ཀྱི་གནད་དོན་ལའང་ཞིབ་འཇུག་དང་བགྲོ་གླེང་བྱེད་བཞིན་ཡོད།     
           པེ་ཅིང་དུས་ཚོད་2017ལོའི་ཟླ་12པའི་ཚེས་4ཉིན་གྱི་ཕྱི་དྲོར། ཨ་རིའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀྲུང་གོ་ནས་ཡོང་བའི་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་གྱི་བོད་རིགས་མཁས་པ་ཝང་ཏེ་ཧི་ལ་2018ལོའི་ཨ་རིའི་སྡེ་ཁུལ་སྐད་བརྡ་རིག་པའི་བྱ་དགའ་ཐོབ་མཁན་དུ་བདམས། བྱ་དགའ་འདི་ནི་“སྐད་བརྡ་གང་ཞིག་སྤྱོད་པའི་སྡེ་ཁུལ་གྱི་ཁོངས་མིས་རང་ས་ཁུལ་གྱི་སྐད་བརྡ་འཕེལ་རྒྱས་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་པ་དེ”ལ་སྐུལ་མ་གཏོང་བ་ཞིག་ཡིན། 
           སྐད་བརྡ་རིག་པའི་མཐུན་ཚོགས་ཀྱིས་བསྟན་དོན། ཝང་ཏེ་ཧི་ལགས་ཀྱིས་ལོ་ངོ་དུ་མའི་རིང་ལ་འབད་བརྩོན་ལྷོད་མེད་གནང་སྟེ་ཉེན་ཁ་ཆེན་པོར་འཕྲད་པའི་བོད་སྐད་ཁྲོད་ཀྱི་ཨར་སུའུ་ཡུལ་སྐད་ལ་ཐོ་འགོད་དང་། དབྱེ་ཞིབ། ཞིབ་འཇུག དྲིལ་བསྒྲགས་བཅས་ཀྱི་ལས་ཀ་མང་པོ་བསྒྲུབས། ལས་ཀ་འདི་དག་གིས་ཨར་སུའུ་སྐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པ་ལས་གཞན་ད་དུང་ཁོང་གིས་ཐོག་དང་པོར་ཨར་སུའུ་སྐད་ལ་ཏིང་ཡི་གེས་ཕབ་འབྲི་བྱེད་པའི་སྲོལ་གཏོད་ཅིང་།  རྒྱལ་ཡོངས་ཀྱི་《ཨར་སུའུ་སྐད་དང་རྒྱ་སྐད་ཤན་སྦྱར་ཚིག་མཛོད》དང་པོ་རྩོམ་སྒྲིག་གནང་བ་རེད།  

           སྐུ་ཞབས་ཝང་ཏེ་ཧིས་ལོ་མང་རིང་རྒྱུན་འཁྱོངས་བྱས་ནས་བོད་རིགས་གྲོང་ཚོའི་ཞིང་ཁ་སོགས་ལ་མྱུལ་ནས། དམངས་ཁྲོད་དུ་དར་ཡང་ལོ་ངོ་མང་པོའི་རིང་ལ་རྒྱུན་ཆད་པའམ་ཡང་ན་འཇིག་པའི་ཉེན་ཁར་འཕྲད་པའི་བོད་རིགས་ཨར་སུའུ་དམངས་ཁྲོད་གཏམ་རྒྱུད་རྣམས་འཚོལ་སྡུད་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་བོད་རིགས་ཨར་སུའུ་སྐད་ཀྱིས་བྲིས་པའི་དམངས་ཁྲོད་གཏམ་རྒྱུད་དང་དམངས་གླུའི་དཔེ་ཆ་དང་པོ་དང་《ཨར་སུའུ་སྐད་ཀྱི་ཁ་བརྡ་སློབ་དེབ》རྩོམ་སྒྲིག་གནང་།   ཁོང་གིས་མི་རིགས་སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པ་དང་། ཨར་སུའུ་སྐད་ཀྱི་ཞིབ་འཇུག་ལ་སྤྲོ་བས་འཇུག་ཅིང་རེ་བཞག་ཆེ་བ།  དེ་མིན་ཁོང་གིས་རང་ཉིད་སྡོད་སའི་ས་ཁུལ་གྱི་མི་རིགས་སྲོལ་རྒྱུན་སྐད་བརྡ་དར་ཞིང་རྒྱས་པར་བཅུག་པ་དེས་ཆེད་དུ་2018ལོའི་ཨ་རིའི་སྡེ་ཁུལ་གྱི་བྱ་དགའ་ལས་ཆེས་མཐོ་བ་སྟེ་སྐད་བརྡ་རིག་པའི་བྱ་དགའ་ཁོང་ལ་བྱིན་པ་རེད། 

           རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་བྱ་དགའ་སྤྲོད་པ་ནི་ཨ་རིའི་དུས་ཚོད་2018ལོའི་ཟླ་1པོའི་ཚེས་6ཉིན་ཨ་རིའི་ཚ་མཚོ་གྲོང་ཁྱེར་ནས་བསྡུ་གྲབས་ཡོད་པའི་སྐད་བརྡ་རིག་པའི་ཚོགས་འདུའི་ཐོག་ནས་བསྒྲུབ་རྒྱུ་ཡིན། 

           ཨར་སུའུ་བོད་རིགས་ནི་བོད་ཀྱི་ནང་གསེས་ཤིག་ཡིན་ལ། མིག་སྔར་མི་གྲངས་ཁྲི་2ཀྱང་མེད།  ཁོང་ཚོས་ཨར་སུའུ་སྐད་བཤད་ཀྱི་ཡོད་ལ།  ཡུལ་སྐད་འདིའང་ས་ཁམས་ཀྱི་ཆ་ནས་ཁག་གསུམ་དུ་བགོས་ཆོག ཤར་ཁུལ་གྱི་སྐད་བཤད་པའི་ཨར་སུའུ་འམ་ཡང་ན་ལུའུ་སུའུ་སྟེ།  འདི་ལ་ཨར་སུའུ་ཡུལ་སྐད་ཅེས་ཟེར།  སི་ཁྲོན་ཞིང་ཆེན་གྱི་གཡག་རྔ་གྲོང་ཁྱེར་གྱི་ཧྲི་མེན་དང་ཧན་ཡོན། ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་ཀན་ལོ་དང་། ཡོ་ཞི།  མེན་ཉིང་། མུ་ལི་སོགས་ཀྱི་རྫོང་དུ་ཁྱབ་ཡོད། དབུས་ཁུལ་གྱི་སྐད་བཤད་པ་རྣམས་ཀྱིས་རང་ལ་རྡོ་ཤུལ་ཟེར་ཞིང་།  དེ་ནི་ལེའང་ཧྲན་མེན་ཉིང་རྫོང་དུ་ཁྱབ་ཡོད་ཅིང་མི་གྲངས་ཉུང་ཤོས་དེ་ཡིན།  ནུབ་ཁུལ་གྱི་སྐད་བཤད་པ་རྣམས་ཀྱིས་རང་ཉིད་ལ་ཀླུ་རུ་ཞེས་འབོད་ཅིང་། གཙོ་བོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བརྒྱད་ཟིལ་རྫོང་དང་ལེའང་ཧྲན་ཁུལ་གྱི་མེན་ཉིང་དང་མུ་ལི་རྫོང་སོགས་ལ་ཁྱབ་ཡོད། 

           བྱ་དགའ་ཐོབ་མཁན་ཝང་ཏེ་ཧི་ཡི་ངོ་སྤྲོད་མདོར་བསྡུས། 
1956ལོའི་ཟླ་10པར་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་གྱི་ཀན་ལོ་རྫོང་རྩེ་ལ་ཤང་གི་བོད་རིགས་རྐྱང་པའི་གྲོང་ཚོ་ཞིག་ནས་སྐྱེས།  (སློབ་ཆུང་སློབ་རིམ་གསུམ་པའི་སྐབས་སུའང་རྒྱ་ཡིག་ཚིག་གཅིག་ཀྱང་མི་ཤེས།)        
1978ལོའི་ཟླ་3པར་ལྷོ་ནུབ་མི་རིགས་སློབ་ཆེན་ལ་ཕྱིན་ནས་དངོས་ལུགས་སློབ་སྦྱོང་བྱས།  1982ལོར་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་སྟེ་སློབ་འབྲིང་གི་དངོས་ལུགས་དགེ་རྒན་བྱས་ཤིང་།  དེ་ནས་སློབ་འབྲིང་གི་སློབ་གཙོའི་འགན་ཁུར།  
1993ལོར་ལེའང་ཧྲན་སློབ་གསོ་སློབ་གླིང་དུ་ལས་གནས་སྤར། སྔ་གཞུག་ཏུ་སློབ་གཙོའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན།  ཏང་ཨུའི་སྒྲིག་ལམ་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་འཁུར་མྱོང་།
2014ལོར་སློབ་གྲྭ་འདི་ཉིད་ཤིས་ཁྲང་སློབ་གླིང་ལ་ཟླ་སྒྲིལ་བཏང་ཞིང་། དེ་ནས་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་།  སློབ་གྲྭའི་བསམ་པའི་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།
2007ལོར་ལས་གནས་སྤར་ཏེ་དཔེ་མཛོད་ཁང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར། 2010ལོར་བོད་ཀྱི་སྐད་བརྡ་རྩོམ་རིག་ཞིབ་འཇུག་པར་གདན་ཞུ་བྱས།
2012ལོ་ནས་བཟུང་ཆེད་དུ་ཨར་སུའུ་བོད་རིགས་ཀྱི་སྐད་བརྡ་རིག་གནས་མྱུར་སྐྱོབ་དང་ཞིབ་འཇུག་གི་ཕྱག་ལས་གནང་མུས་མཆིས་སོ། །






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1