དེ།
རྫ་སྐྱེས་ཕུར་བ། (དཀར་མཛེས)
ལྕགས་ལས་སྐྱེས་པའི་མེ་ཏོག་ལྗང་སེར་དེ།།
མེ་ཏོག་གྲིབ་མར་སོ་ཡིས་རྨུགས་པ་དེ།།
སླར་ཡང་ལྡུམ་ཁང་སྔོན་པོའི་ཉི་འོད་དེ།།
སྐྱེད་ཚལ་ཁྲོད་ནས་རྙིད་པར་གྱུར་པ་དེ།།
མདང་ནུབ་མེ་ཕུང་ཞུ་བའི་ཁ་བ་དེ།།
སྙིམ་པའི་མཐིལ་ལ་ཡང་ཡང་ཆགས་པ་དེ།།
དེ་ནས་རྩིག་ལྡེབས་ངོས་ཀྱི་བྱིའུ་དེ།།
སླར་ཡང་རྩིག་ལྡེབས་ངོས་སུ་འཕུར་བ་དེ།།
ལག་གི་དཀར་ཡོལ་ཆག་པའི་སིང་སྒྲ་དེ།།
ཁྱི་གུ་རག་སེར་མནལ་བའི་སྔངས་ཟུག་དེ།།
པྲ་མཁན་མིག་གིས་ཕྱིས་འབྱུང་བསྟན་པ་དེ།།
རྩྭ་ལྕང་དཀར་ནག་འཁྲུག་པའི་བསྔལ་བ་དེ།།
འཚབ་འཚུབ་བརྙན་ཡོལ་གཟིམས་པར་ཞེད་པ་དེ།།
ལས་ཀྱི་སྣང་བ་ཞིག་ཀྱང་ཡིན་ནོ་དེ།།
གྲིབ་མ་དཀར་པོ་དང་ནི་རྟ་མཆོག་དེ།།
སྣང་བའི་ངོགས་ལ་འགྲོས་ཀྱིས་འོང་བ་དེ།།
ཁ་སང་རང་སར་ལྕེབས་པའི་བུ་མོ་དེ།།
ལྕེབས་ཐག་ངོས་ནས་ཁ་རླངས་བསྐྱུར་བ་དེ།།
ག་རེ་ཡིན་སྙམ་ཡང་ཡང་དྲན་པ་དེ།།
དྲན་ཁར་སེམས་གཅོང་ཞིག་ཀྱང་ཤོར་བ་དེ།།
ལས་ཀྱི་མེ་ཏོག་ལས་སུ་བཞད་པ་དེ།།
གསལ་ཡང་མི་གསལ་ཆུ་ཡི་གཉེར་མ་དེ།།
ཆུ་དེའི་རླབས་གཉེར་མང་པོ་རུབ་པ་དེ།།
སླར་ཡང་རླབས་གཉེར་མང་པོ་སྤྲོས་པ་དེ།།
བལྟས་ན་མཚར་མཚར་ཞིག་ཀྱང་ཡིན་ནོ་དེ།།
རབ་གསལ་ཁ་ཡི་ཅི་ཞིག་རིག་པ་དེ།།
གོས་རྡང་ཐོག་ནས་ཅི་ཞིག་སྐེམ་པ་དེ།།
གྲོང་ཁྱིམ་དུ་བ་ཕྱུར་ཕྱུར་འདུག་པ་དེ།།
མི་རྣམས་བརྙན་འཕྲིན་ནང་དུ་གཟིམས་པ་དེ།།
སྙེ་མའི་ཕུང་བོ་རྡུལ་གྱིས་བཀྲུས་པ་དེ།།
རེག་ཚོར་སྤར་གང་རླུང་གིས་གཡོས་པ་དེ།།
མིག་ཤེལ་འོག་གི་གཟུགས་འགྱུར་སྡོང་པོ་དེ།།
གྲིབ་མས་གྲིབ་མ་དེད་ནས་འོང་བ་དེ།།