བདག་གི་རིག་པས་བཙན་ས་ཟིན་པར་ཤོག
རྟོགས་ལྡན་འབར་གས། (རྔ་བ)
སེམས་ཀྱི་སྣང་བ་རི་གྲིབ་སྟོང་གི་ཁུགས་སོའི་འོག་ན་ཞོགས་པ་ལ།།
ཕྱིར་རྟོག་དྲན་འཛིན་མེ་ལོང་ངོས་ཀྱི་གྲོལ་འཁྲུལ་རི་མོ་སྣ་ཚོགས་ལས།།
རིག་དང་མ་རིག་གཡུལ་ལ་ཆས་ཏེ་རིག་པའི་རང་ཞལ་མཐོང་བ་ལ།།
གནས་ལུགས་སྤྲོས་བྲལ་བདེ་ཆེན་རྟོགས་པའི་ངོ་བོ་དེ་ཉིད་ཤ་ར་ར།།
སེམས་ཀྱི་ཟླ་བ་མཚོ་ལ་ལྷུང་བའི་གཏམ་རྒྱུད་སྟོང་གི་འོག་རིམ་ན།།
གཟུང་འཛིན་མེ་ཏོག་མཁའ་ལ་གཏོར་ནས་སེམས་ཀྱི་དེ་ཉིད་འཚོལ་བ་ལ།།
འཇིག་རྟེན་སྒྱུ་མའི་བཙན་རྫོང་སྟུག་པོ་རང་སྣང་ལས་གཞན་མེད་པ་བཞིན།།
མ་བཅོས་རང་བབ་རང་སར་རྟོགས་པས་རིག་པའི་རང་ཚུགས་ཤ་ར་ར།།
མྱུ་གུ་སྔོན་པོ་ཡར་ལ་སྐྱེ་བའི་བོན་ཉིད་བདེན་པའི་བདེན་པ་ལས།།
གང་ཟག་བློ་ཡི་རིམ་པ་ལ་བལྟོས་ཐ་སྙད་གཅིག་འབྱུང་གཉིས་འབྱུང་བཞིན།།
སྟོང་བ་གཟུགས་ཡིན་གཟུགས་ནི་སྟོང་བས་རྒྱུ་འབྲས་གཏན་ཚིགས་ཟབ་མོ་ཉིད།།
ཚད་གསུམ་དག་པའི་གཤིས་ལ་འགྲོགས་ན་རིག་པའི་རང་ངོ་ཤ་ར་ར།།
དཀར་ངོགས་འཇིག་རྟེན་ལས་དབང་ཀློང་ན་སྐར་ཚོགས་རེ་རེའི་བསོད་ནམས་ལས།།
བདེན་རྫུན་མདུད་པ་གང་མང་བརྒྱབ་སྟེ་སྲིད་པའི་འཁྲུལ་ཚོགས་གྲངས་མེད་ཉིད།།
གཅིག་ཤེས་ཀུན་གྲོལ་གཅིག་གིས་སེལ་བའི་རིག་འཕྲུལ་ཐབས་ཤེས་བླ་མེད་ལ།།
བདག་གི་རིག་པའི་མགོ་བོ་བརྟེན་ན་གསལ་སྟོང་དེ་ཉིད་ཤ་ར་ར།།
ཚེ་རབས་ཕྲེང་བའི་ཐོག་མཐའ་བོར་བའི་བག་ཆགས་མུན་ནག་རྨོངས་པའི་ཁྲོད།།
གཞི་དབྱིངས་བདེ་བའི་རྟོགས་པ་ཕྲ་མོ་སྐད་ཅིག་སྐད་ཅིག་ཤར་བ་ལ།།
ལྟ་སྒོམ་སྤྱོད་གནད་གཅིག་ལ་བསྒྲིལ་ཏེ་ཚེ་གཅིག་ལུས་གཅིག་འདི་ཉིད་ཀྱིས།།
རང་རིག་སངས་རྒྱས་རྒྱལ་སར་བཀོད་ན་རིག་པའི་ཡེ་ཤེས་ཤ་ར་ར།།
༢༠༡༦ལོའི་ཟླ༨པའི་ཚེས༢༥ཉིན།