རི་མོའི་གཟུགས་སུ་བྲིས་པའི་སྙན་ངག
སྙན་བུ་རང་དྲིལ།(པེ་ཅིན)
1
མགོ་ན་སྡོང་བོ་རྩེ་རུ་ལོ་མ་དགོད།།
སྨིན་མ་རི་དྭགས་ཤ་བོའི་རྭ་བཞིན་རྐྱོང་།།
མགུལ་བའི་རྟེའུས་བསྒུར་ཏེ་མཚེའུ་འཐུང་།།
རྔོག་དང་མཇུག་མའི་རྩེ་ན་རླུང་རྟ་འཕུར།།
མཆུ་ཡི་པ披འི་ཡལ་འདབ་འདར་ལྕུག་ལྕུག །
ངག་གི་ལྗོན་པའི་ཁུ་བྱུག་རྟ་ལ་ཞོན།།
སྙན་པའི་བུ་ག་འདབ་མས་བཀབ་བྱེད་ཅིང་།།
མཆི་མའི་ཕྲེང་བ་ལྗོན་པའི་རྩེ་ལ་ཟགས།།
དབུ་སྐྲ་རླུང་གིས་བསྒུལ་བ་རླུང་བུས་ནི།།
མགོ་ཐོག་སྤྲིན་པ་དེད་ནས་ལྷོ་རུ་བསྐྱོད།།
སྤྲིན་པ་ཉིན་སྲིབ་བརྒྱུད་ནས་ངུ་ཤུམ་བྱེད།།
ཉིན་སྲིབ་ཁ་བས་གཡོགས་ཏེ་དཀར་ལམ་ལམ།།
2
གངས་རིའི་རྩེ་ན་ལྷ་མོ་བཞིན་བཟང་ཞིག །
ཐུགས་རྗེའི་སྤྱན་ཟུང་བགྲད་དེ་མཁའ་རུ་འགྲོ།།
དར་གྱི་རྔ་སྒྲོས་ནམ་མཁའ་གཤགས་ཏེ་འགྲོ།།
ཁྲུང་ཁྲུང་ཁྱུ་གཅིག་ལྷ་མོ་བསྐོར་ཏེ་འགྲོ།།
ཁ་བ་ཞུ་བའི་སྤྲིན་པ་སྟོབས་ཀྱིས་འཁྲིགས།།
སྤྲིན་དང་འདྲ་བའི་ལུག་ཁྱུ་རི་ལ་བཀྲམ།།
རི་ལ་བསྐུངས་པའི་སྤྱང་ཀི་འཇབ་བེ་གོག །
གཉིད་ལ་བྱིངས་པའི་རྫི་བོ་ཆུ་ལ་ལྕེབས།།
རྨ་བྱའི་སྒྲོ་མདོངས་འདྲ་བའི་ལྷ་མོ་ཁྱོད།།
གངས་དང་རྒྱ་མཚོའི་སྟེང་ན་གཤོག་རྡེབ་ཀྱིས།།
འོ་མའི་སྦྲང་ཆར་ས་ལ་གཏོར་བཞིན་དུ།།
འདོད་པའི་ཚུལ་གྱིས་གནས་ཡུལ་གང་དུ་འགྲོ།།
3
ས་དང་རྒྱ་མཚོའི་འདྲེས་མཚམས་འདིའོ་ཞེས།།
གསལ་བའི་ཐིག་ཅིག་ཁྱོད་ལ་ཇི་ལྟར་སྟོན།།
ས་ལ་བཏབ་པ་མཛེས་མའི་གྲིབ་གཟུགས་རེད།།
ཆུ་ལ་བྲིས་པ་མཛེས་མའི་ཞལ་རས་རེད།།
སྤྱན་གཅིག་བགྲད་ནས་ས་ཡི་གྲིབ་མར་བལྟ།།
སྤྱན་གཅིག་ཟུམ་ནས་མཚོ་ཡི་ཕ་མཐའ་འཚོལ།།
ཐོད་པའི་གཙུག་ན་ཀུ་མུད་མེ་ཏོག་བཞད།།
འདབ་མའི་རྩེ་ན་ཉ་གང་ཟླ་བ་འཕྲོ།།
དེ་ཡི་མཐའ་ན་ཉི་མ་གྱེན་དུ་འབར།།
ཉི་མའི་པང་ན་གངས་དཀར་ལྷུན་པོ་བཞུགས།།
གངས་རིའི་རྩེ་ན་གངས་སེང་དཀར་མོ་འགྱིང་།།
2016/4/15