དྲིན་ཆེན་ཕ་ལོ། ----- ཚེ་འདས་ཀྱི་ཕ་ལོ་དྲན་པ།

རྫས་ལུང་ཚེ་དར། (ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


དྲིན་ཆེན་ཕ་ལོ།

                              ----- ཚེ་འདས་ཀྱི་ཕ་ལོ་དྲན་པ། 

 

                                              རྫས་ལུང་ཚེ་དར། (ཀན་ལྷོ)

སྲིད་པའི་རྩེ་ན་འཕྲོ་བའི་ཉི་མ་ཞིག །

འཁོར་བའི་རྟེན་དུ་འཁྲུངས་པའི་གཏེར་བུམ་ཞིག །

ཕ་ཁྱིམ་དྲོན་མོའི་གཟུངས་གཞུག་བརྗིད་པོ་ཡིན།།

བུ་ངའི་ཡིད་ཀྱི་སྐྱབས་མགོན་དམ་པ་ཡིན།།

 

རུས་པའི་བླ་རྐང་གསོ་བའི་དྲོད་ཐིག་ཅིག །

སྲོག་གི་སྒྲོན་མེ་སྦར་བའི་སྣུམ་ཞག་ཅིག །

སྡུག་གི་ཚ་གདུང་སྐྱོབ་པའི་གདུགས་དཀར་ཞིག །

ལེགས་ཉེས་ལམ་ཐིག་སྟོན་པའི་དེད་དཔོན་ཞིག །

 

རུས་བཟང་གསེར་གྱི་པ་ཏྲ་ཡིན་རབས་ཟེར།།

གཞུང་བཟང་དངུལ་གྱི་ཞུན་ཐིགས་ཡིན་རབས་སྐད།།

དཔའ་མཛངས་དུང་གི་སྤུ་གྲི་རྣོ་བ་གོ །

ཡུན་ཐུང་རྟོགས་བརྗོད་མཚར་བོ་གྲོང་ན་སྒྲོག །

 

འཇིག་རྟེན་མི་རྟག་ཟེར་བ་བདེན་ནས་འདུག །

སྙིང་གི་བཅུད་དག་བསལ་ནས་འཁྱེར་གྱིན་འདུག །

ལས་ངན་དྭ་ཕྲུག་ཤུལ་ནས་བསྐྱུར་ནས་ཡོད།།

སྐྱོ་བའི་ན་ཟུག་རིང་མོས་རྟག་ཏུ་མནར།།

 

ཞལ་གདམས་བདུད་རྩི་མྱོང་སྐལ་མ་བྱུང་ཞིང་།།

ཐུགས་བརྩེའི་ཕྱག་དྲོན་གནང་ལས་མ་ལྡན་ཐལ།།

མདུན་གྱི་བཙག་རླུང་འགོག་ཁོམ་མ་ཡོང་ལ།།

རྒྱབ་ཀྱི་འཇིགས་ཉེན་སྐྱོབ་ལོང་མ་བྱུང་ངོ་།།

གཞན་དག་ཕ་བུའི་ལག་རྡང་སྦྲེལ་ཡོང་དུས།།

ན་ཟླས་སྤྲོ་གླུ་གསེང་མཐོར་སྒྲོག་ཡོང་དུས།།

མི་ཐུབ་སྡུག་གི་ཁུར་བོ་སྐྱུར་མོ་ཞིག །

མི་སྲོན་སེམས་ཀྱི་ན་ཟུག་དྲག་པོ་ཞིག །

 

སྐྱེ་འཆིའི་ཆོས་ཉིད་སྡུག་པོའི་གཙུབ་བརྡར་འདི།།

གློ་མཆིན་སྟེང་འོག་བརྗེ་བའི་མནར་གཅོད་ཅིག །

གཞིས་ཀྱི་རྒྱབ་རི་ཉིལ་བའི་གོད་ཆག་འདི།།

དཔྲལ་བའི་མིག་ཟུང་བྲུས་པའི་འཐབ་རྩོད་ཅིག །

 

ཁྱེད་ཀྱི་མཛངས་ཡོན་ད་དུང་གནས་ཡོད་ན།།

ཁྱིམ་གྱི་སྡུག་ཡུས་འདི་འདྲ་ཨེ་ཡིན་ནམ།།

ཁྱེད་ཀྱི་སྒམ་དཀྱེལ་བདེ་བར་བཞུགས་ཡོད་ན།།

བུ་ཚའི་འཇོན་ནུས་འདི་འདྲ་སྡུག་ལགས་སམ།།

 

སེམས་པ་གྲི་ཡིས་རྨས་ཡུན་རིང་ན་ཡང་།།

སེམས་ཀྱི་སྐྱོ་གདུང་སྡུག་ནས་སྡུག་ཏུ་ཕྱིན།།

ཅི་ཙམ་འཚོ་བའི་གེགས་ལ་འཕྲད་གྱུར་ན།།

དེ་ཙམ་བརྩེ་བའི་ཕ་ཁྱེད་དྲན་ནས་ཡོང་།།

 

ཞལ་རས་སྟག་གི་རི་མོ་མི་དྲན་ཡང་།།

བག་ཆགས་ཀློང་གི་རུས་ཞེན་དྲག་ཏུ་གདུ།།

མཚན་ཙམ་ཐོས་པའི་དུངས་ཤ་དྲོན་མོ་དེས།།

དམར་ཆུང་སྙིང་གི་སྒོ་འཕར་ཡང་ཡང་རྡུང་།།

 

འཇིག་རྟེན་སྐྱིད་སྡུག་དཀར་ནག་རེས་མོས་ན།།

དྲིན་ཆེན་ཕ་མ་ཉི་ཟླ་ཟུང་གཅིག་ཡིན།།

སྐྱིད་ཀྱི་འོད་ཀོར་གསལ་བའི་གུར་ཁྱིམ་ནས།།

ནོར་བུའི་ནོར་ངོ་ཟིན་དགོས་ན་ཟླའི་ཚོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1