རྗེས་སུ་དྲན་པའི་གཏམ་ཀ་ལ་པིང་ཀའི་སྙན་དབྱངས།
གཡུང་མོ། (དཀར་མཛེས)
༡
མཐའ་བཞི་སྤྲོས་པའི་མཚན་མས་སྟོང་བའི་དོན་དམ་དབྱིངས་ཀྱི་ནམ་མཁའ་ལ།།
ཐུགས་རྗེའི་རིག་པ་སྤྲིན་དུ་ཆགས་པའི་དགེ་ལེགས་བྱེ་བའི་ཕུང་བོ་ལས།།
ལེགས་པར་བཤད་པའི་དབྱངས་ཀྱི་གྲུ་ཆར་གཅིག་ཏུ་ཕྱོགས་སུ་མ་ལྷུང་བས།།
ཡིད་བཞིན་ནོར་བུའི་མིང་གི་ཡི་གེ་འཇིག་རྟེན་རྒུད་པའི་གཤེད་དུ་བབས།།
༢
སྡེ་གསུམ་ཀློང་དགུའི་ལུང་རིགས་ཉི་རྡུལ་གངས་ཀྱི་རི་ལ་བྱུགས་པ་ཡི།།
ཀློང་ཆེན་ཉིན་བྱེད་འོད་ཟེར་བརྒྱ་བ་ཞི་བའི་མལ་དུ་གཟིམས་པ་ན།།
ལྔ་བདོའི་མུན་པའི་གཡུལ་ལ་ཆས་པར་འཇིགས་པ་མེད་པའི་གདེང་མངའ་བའི།།
སྐྱོབ་པ་ཉ་གང་ཟླ་ཚེས་གསར་བས་ཕུན་ཚོགས་སྣང་བའི་སྒོ་འཕར་ཕྱེ།།
༣
གང་ཚེ་ཁྱེད་ཀྱི་ལང་ཚོའི་མེ་ཏོག་མི་མཇེད་ཞིང་འདིར་བཞད་མ་ཐག །
ཨ་ར་པ་ཙའི་འཛབ་དབྱངས་སྙན་མོ་སྲིད་པའི་ནགས་སུ་བསྒྲགས་བྱས་པས།།
སྐལ་ལྡན་ཡིད་ཀྱི་དད་པའི་དབང་བོ་སྣུམ་གྱིས་བྲན་པའི་མེ་དཔུང་བཞིན།།
རབ་ཏུ་འཕེལ་ནས་བསྟོད་པའི་ཡོན་ཆབ་འབུམ་ཕྲག་སྟོང་གིས་ཀུན་ནས་མཆོད།།
༤
སུམ་རྩེན་ཡུལ་ལ་སྐྱེངས་པ་སྟེར་བའི་ཡོན་ཏན་དུ་མས་བརྒྱན་པ་ཡི།།
གནས་ཀྱི་མཆོག་གྱུར་གསེར་ལྗོངས་ཕྱུག་མོར་འཆད་རྩོད་རྩོམ་པའི་སྒྲ་ཆེན་པོས།།
རྣམ་པར་བཀང་བའི་གྲགས་པའི་རྒྱལ་མཚན་འཇིག་རྟེན་གསུམ་དུ་གཡོ་བའི་ཚེ།།
བདུད་རྣམས་ཡིད་ལ་གདུང་བའི་མཚོན་གྱིས་རྨས་པར་གྱུར་ཏེ་ཆོ་ངེ་འདོན།།
༥
ཕྲག་དོག་དུག་གི་ན་བུན་སྐྱ་བོ་ཕྱོགས་དང་ཕྱོགས་སུ་འཕྱུར་བའི་དུས།།
ཁྱེད་ཉིད་གཅིག་པུ་འཕྱོ་སྒེག་ལྡན་པའི་རྨ་བྱ་གཞོན་ནུའི་རྗེས་འགྲོ་ཞེས།།
གངས་རི་ར་བས་འགོག་པ་མ་ནུས་གཡུ་འབྲུག་སྔོན་མོའི་ངར་སྐད་ཀྱིས།།
ས་ཆེན་འདི་ན་གོ་བར་བྱས་པས་ཚངས་དང་དབང་བོའི་ཁེངས་པ་ཉམས།།
༦
སྡུག་གིས་སྦགས་པའི་མྱ་ངམ་ཐང་ན་ལས་ཉོན་ཁུར་གྱིས་དུད་པ་ཡི།།
སྐྱེ་རྒུའི་སླད་དུ་མེ་ཏོག་དག་ལ་ཅོ་འདྲི་གཏོང་བའི་སྐུ་གཟུགས་ཀྱང་།།
སྤུ་གྲིའི་སོ་དང་མེ་ཡི་ངབ་ལ་གཅར་བ་མཛད་པའི་སེམས་དཔའ་ཁྱེད།།
ཡངས་པའི་ནམ་མཁའི་རྒྱ་ཁྱོན་བཞིན་དུ་དཔོག་པའི་བློ་གྲོས་འགའ་ཡང་མེད།།
༧
རིས་ཆད་བློ་ཡི་དྲི་མ་མི་མངའ་ཕན་བདེའི་འོད་ཀྱི་ཟེགས་མ་ཡིས།།
གདུལ་དཀའི་འགྲོ་བ་ཀུན་དའི་ཚོགས་ལ་ལྷག་པར་བརྩེ་བའི་རི་བོང་ཅན།།
རྣམ་པར་དཀར་བའི་གངས་ལྗོངས་བསོད་ནམས་རྟ་ལྗང་ཤུགས་ཀྱིས་མ་ཐེག་པར།།
བདེ་ཆེན་ཞིང་གི་མགོན་པོ་གང་གི་ཐུགས་ཀྱི་དཔལ་དུ་འཐིམ་པར་གྱུར།།
༨
དེ་ལྟ་ན་ཡང་གདུང་བའི་ངུ་བཤུམ་ནམ་དུ་ཡང་ནི་མི་གཏོང་སྟེ།།
ཁྱེད་ཉིད་མི་དམིགས་སྙིང་རྗེ་ཆེན་པོས་གཞན་གྱི་དབང་དུ་གྱུར་པས་ན།།
ང་འདྲའི་བྱིས་པ་རྨུན་པོ་འདི་ཀུན་ངན་འགྲོའི་གཡང་ལས་སྐྱོབ་པའི་ཕྱིར།།
སྤྲུལ་བའི་རོལ་གར་ཐང་མར་བརྡལ་བའི་རྣམ་ཐར་ཁྲི་ཕྲག་བསྟན་པར་འགྱུར།།