ལྕགས་རི་རིང་པོ། (ཞར་བཀོད་གཅིག)
གུ་རུ་དོན་གྲུབ། (རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ལྕགས་རི་རིང་པོ། (ཞར་བཀོད་གཅིག)
གུ་རུ་དོན་གྲུབ། (རྨ་ལྷོ)
ལྕགས་རི་རིང་པོ
མུ་མཐའ་མི་མངོན་པའི་རྒྱུ་ཉོག་ཅིག
བཟའ་བཅའ་སྣ་ཚོགས
ཨག་འབོད་དིར་དིར་གྱིས
རྒྱུ་ཉོག་དེའི་ནང་རོལ་དུ་ལྷུང་ལྷུང་བཞུར
རྡོ་དང་སོ་ཕག་གི་བརྩེ་འདང་གིས
ལོ་རྒྱུས་ཀྱི་མེ་ལོང་ལ་བྱི་དོར་ཡང་ཡང་བྱས་ཀྱང
རྒྱུ་ཉོག་དེའི་ནང་རོལ་ན
གནའ་བོའི་ཡི་གེ་མང་པོ་འཁྱར་ཞིང་འཁྱོར
སེམས་པའི་གས་ཆག་མང་པོ
མདངས་ཡལ་བའི་སོ་ཕག་གི་ངོས་སུ་འབྱར
ཤག་སྒྲ་མི་གྲག་པའི་ཆུ་བོ་དེ
རང་གཤིས་བོར་བའི་དུས་ཚོད་ཀྱི་བར་སྣང་དུ་ལྕེབས
རླུང་བུ་གཉིད་དུ་ཡུར་བས
བརྩེ་དུངས་ཀྱི་བ་སྤུ་དག་ཧྲིག་གེར་འགྲེང
གཞང་ཁ་རྙེད་ཐབས་བྲལ་བའི་ལྕགས་རི་རིང་པོ་དེས
གནའ་བོའི་ལོ་རྒྱུས་ཀྱི་ཡིག་འབྲུ་དག་ཧྲིག་ཧྲིག་ལྡོད
འོ དེ་ནི་རྒྱུ་ཉོག་ཅིག་གོ
རྒྱུ་ཉོག་དེ་རི་ཕྲན་སྟོང་ཕྲག་གི་རྩེ་ལ་བྲེས་འདུག
ལྕགས་རི་རིང་པོ
རི་བོའི་མཛེས་སྡུག་གི་སྦུབས་སུ་འཛུལ་ཞིང
རླུང་གི་རྒྱུ་བའི་རུས་གསེང་དུ་འཁྱུག
ཁྱོད་ཀྱི་རྒྱུ་ཉོག་གི་ནང་ན
དུས་ཚོད་ཀྱི་གོམ་འགྲོས་ཁོ་ན་ཤིན་ཏུ་མྱུར
༢༠༡༤.༨.༦བྲིས།
༢༠༡༦.༩.༢༥བཅོས།
གཟེབ་དྲ།
གླུ་ལེན་མི་ཤེས་པའི་བྱེའུ་དེས
རང་གི་གཤོག་པར་མཆུ་ཏོས་བྱིལ་བྱིལ་ལན་མང་བྱེད
ཁིས་མགོར་བཀལ་བའི་གཟེབ་དྲ་དེར་རྩིབས་མ་ཧ་ཅང་མང
བྱེའུ་དེས་འཇིག་རྟེན་གྱི་མཛེས་པ་མཐའ་དག་གཟེབ་ནང་དུ་ཁྲིད་ཡོང
རླུང་བུ་ཡང་མོ་ཞིག་གིས་གཟེབ་དྲ་དང་བྱེའུ་གཉིས་མཉམ་དུ་སྒུལ
བྱེའུ་དེར་རང་ཉིད་བར་སྣང་ན་འཕུར་གྱིན་པའི་ཚོར་སྣང་སྐྱེས
ཉམ་ཆུང་གི་གཤོག་པའི་སྣེ་མོས
བར་སྣང་གི་རྒྱུད་སྐུད་ཏིང་ཏིང་དཀྲོལ་གྱིན་པའི་ཉམས་སྣང་བྱུང
གཟེབ་དྲའི་ཕྱི་རོལ་ཏུ གློ་བུར་གློ་བུར
ཁ་བ་བུ་ཡུག་འཚུབ་ཅིང་མུན་པས་ཆོ་ངེ་འདོན
གླུ་ལེན་མི་ཤེས་པའི་བྱེའུ་དེས
རང་གི་གཤོག་པར་མཆུ་ཏོས་ཡང་ཡང་བྱིལ་བྱིལ་བྱེད
བྱེའུ་དེས་གཟེབ་དྲ་བཏེགས་འདུག
གཟེབ་དྲ་དེས་བྱེའུ་ཡི་གཤོག་པ་རུམ་འདུག
སྙིང་རྗེ་བའི་བྱེའུ་དེ
སྙིང་རྗེ་བའི་གཟེབ་དྲ་དེ
གཟེབ་ནང་དུ
བྱེའུ་ཡི་སྡེར་མོས་སྙན་ངག་གི་དེབ་རྒན་ཞིག་བརྩམས་འདུག
སྙན་ངག་ཀློག་མི་ཤེས་པའི་མི་ཚོས
བྱེའུ་ཡི་མིག་གོང་དང་གཤོག་སྣེ་ནས་ཅི་ཞིག་མཐོང་བར་རེ
གཟེབ་ནང་གི་བྱེའུ་དེ་སེམས་གཏིང་ནས་ཁོ་ཚོར་སྙིང་རྗེ་ཤོར
གླུ་ལེན་མི་ཤེས་པའི་བྱེའུ་དེས
གཟེབ་ཀྱི་རྩིབས་མ་ལ་གཤོག་སྣེས་ཡང་ཡང་བྱིལ་བྱིལ་བྱེད
གཟེབ་ཀྱི་རྩིབས་མ་རེ་རེར
འོད་མདངས་རྒྱས་ཤིང་སྲ་མཁྲེགས་ལྡན་པར་གྱུར
༢༠༡༦.༡༠.༥ཉིན།