ལོ་རྙིང་།(ཞར་བཀོད་གཉིས)
ན་རོ། (ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ལོ་རྙིང་།(ཞར་བཀོད་གཉིས)
ན་རོ། (ལྷ་ས)
བྱེ་རྒྱུགས་བཏང་བའི་མི་རྣམས་ལ་ཕྱིར་ཡོང་མི་འདུག
སྨིག་རྒྱུའི་སྡོམ་དྲ་ལ་ཐོགས་པའི་རླུང་རྟ་དེ་དག
གདུང་མར་བཀལ་བའི་མེ་མདའ་བཞིན
ཟུར་མིག་མེད་པའི་མདེའུ་བཞིན
ལོ་ཐོ་ལས་བཅུས་པའི་ཆུ་ཁེམ་བུ་གང་གིས
མི་ཁོམ་པའི་ས་ལ་ཆག་ཆག་བཏབ་ཅིང
དཔེ་ཁ་ཤས་ཀྱི་ཉི་གདུགས་རྣམ་པར་བརྒྱངས་ཏེ
རྨོངས་པའི་ཚ་གདུག་ལ་གཡོལ་ཙམ་བྱས
མི་རོ་དངོས་གྲུབ་ཅན་ལ་ལྷ་སྐད་ལྟ་བུའི་འཕྲིན་གཅིག་བྲིས
ནམ་ཡང་བཙོན་མ་སྨོན་ལམ་གྱེར་མཁན་ཞིག་ལ་གསོལ་བ་བཏབ་བཏབ་པས
ལོ་རྙིང་གི་སྒྲོག་གུ་ཟད་པོ་འདི
ལོ་སར་གྱི་ཕྱུ་པར་འདོགས་ཐུབ་པ་འདྲ
༢༠༡༧ལོར།
ལོ་སར།
ཚེ་ཡི་མེ་ལོང་ཆག་ཏོ་སྒྲུག་དུས་ཀེང་རུས་མཐོང་བྱེད་ཀྱི་ཤོག་སྦག
དབུགས་ཀྱི་གོམ་པ་ཀྱག་ཀྱོག་སྤོ་དུས་སྣང་བ་སྦར་བྱེད་ཀྱི་མུ་ཟི
རླུང་ཚིག་སོང
སྒྲུང་ཡང་ཚིག་སོང
ཐལ་བའི་ནང་དུ
སྐྱེ་བ་གཅིག་གི་གཟེར་མ་ཡང་ཡང་བཏབ
༢༠༡༥ལོར།
ཉིན་ཐོ་ཁྲ་ཁྲ།
རྫ་མགོའི་སྨུག་པ་གཏེར་སྟོན་ཞིག་སྟེ
དྲན་པའི་མི་དེ་གངས་ལས་བཏོན
སྒེའུ་ཁུང་ཆུང་ཆུང་དཔར་ཤིང་ཞིག་སྟེ
བོར་བའི་ཤོག་བུར་རླུང་ལྟར་སྒུག
ལྷ་སའི་རྣ་ལོང་ལྕགས་ཀྱུ་ཞིག་སྟེ
ལས་ཀྱི་ཉ་མོ་རྟག་ཏུ་འབྲིད
ས་ག་ཟླ་བ་སྟོན་རླུང་ཞིག་སྟེ
ནས་འབྲུའི་རྨི་ལམ་གར་ལ་ཁྲིད
༢༠༡༦ལོར།