སེམས་བསྐྱེད། (ཞར་བཀོད་གཅིག)
འཆིང་གྲོལ། (མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
སེམས་བསྐྱེད། (ཞར་བཀོད་གཅིག)
འཆིང་གྲོལ། (མཚོ་ལྷོ)
ང་ཡི་སེམས་པ་ནི་རྣང་ཞིང་ཟུར་གསུམ་ཞིག་ཡིན
ཁྱོད་ཀྱི་ཐོང་གཤོལ་གྱིས་བྲིས་པའི་རི་མོ་དེ་དག
བསུབས་ཀྱང་བསུབ་རྒྱུ་མེད་པའི་རྨ་ཁ་རེ་རེ་སྟེ
ང་ཡི་ལས་བསྐོས་ཀྱི་མྱུ་གུ་ཕྲ་མོའི་ཚོགས་ཀྱིས
མ་འོངས་པའི་ཆར་ཆུ་དག་བསིལ་བསིལ་འབབ་པ་ཚོར་ཡོང
ལས་དབང་གིས་བདག་པོ་རྒྱག་མ་ཐུབ་པ་དེ་དག
ངས་རེ་རེ་བཞིན་དྭངས་གཙང་གིས་སྐྱེ་རུ་བཅུག་ནས
མི་རྣམས་ལ་རང་གི་ཐོབ་ཆ་ཙམ་པོ་འཐོབ་ཏུ་འཇུག་དགོས
ཁྱོད་ཀྱིས་ཐོང་གཤོལ་འདྲུད་ཐེངས་རེར
ང་ཡི་རྣམ་ཤེས་ཁྲི་མ་འབུམ་དུ་བཏང་ཡོད་ནའང
ཚུལ་དེ་ཁོ་ནས་ང་ནི་རྟག་ཅིང་བརྟན་པའི་ངོ་བོར་སོང་ཡོད་དེ
ང་ཡི་མཛེས་སྡུག་ཁྲི་མ་འབུམ་དུ་གྱུར་ནས
ཏིང་འཛིན་བྱེ་བའི་ཚོགས་ཀྱི་འོད་ཟེར་སྤྲོ་བར་བྱེད
ང་ཡི་སེམས་པ་ནི་རྣང་ཞིང་ཟུར་གསུམ་ཞིག་སྟེ
ཁྱོད་ཀྱི་བསྐལ་བ་སྟོང་གི་སོ་ནམ་བྱེད་ས་དེའོ
2014.12.28
ལྷ་སའི་ལམ་ཡིག
ནམ་ཞིག ཁྱོད་རང་ལྷ་སར་བསླེབས་པར་གྱུར་ཚེ
ཁྱོད་དབོན་ཞང་རྡོ་རིང་ལ་ཁེན་ནས་སྐྱིད་ཆུའི་རླབས་སྒྲར་མཉན་རྒྱུ་མ་བརྗེད
དབོན་ཞང་རྡོ་རིང་ནི
ལོ་རྒྱུས་ཀྱི་རྨ་ཁར་བཏབ་པའི་ལྕགས་གཟེར་སྦོམ་པོ་ཞིག་སྟེ
བོད་བོད་ཡུལ་ན་སྐྱིད་ཅེས་པའི་གསེར་ཡིག་དེ་དག
དུས་ཚོད་ཀྱི་ཐོ་བས་ཡོངས་སུ་གཏོར་ཟིན
ནམ་ཞིག ཁྱོད་རང་ལྷ་སར་བསླེབས་པར་གྱུར་ཚེ
བར་བསྐོར་ནས་གསེར་གྱི་རྒུམ་བུ་འཐུ་རྒྱུ་མ་བརྗེད
ལག་པ་ཡར་བཀྱགས་ནས་ཡར་ཞུ་ཟེར་རྒྱུ་མ་བརྗེད
ཁྱོད་ནི་རང་ཁྱིམ་གྱི་མགྲོན་པོ་ཡིན་པ་མ་བརྗེད
ཁྱོད་ཀྱི་ཕ་གཞིས་སུ་སྔར་གྱི་དར་ལྕོག་དེ་དག་མཐོང་ཐབས་ཡོད་པ་མ་རེད
ཁྱོད་ཀྱིས་སྐར་མར་བལྟས་ནས་བགྲོད་ལམ་འཚོལ་དགོས
ནམ་ཞིག ཁྱོད་རང་ལྷ་སར་བསླེབས་པར་གྱུར་ཚེ
རྒན་མོ་གསེར་ཁུར་གྱི་གཏམ་རྒྱུད་ཐོགས་མེད་དུ་འཆད་ཐུབ་པ་བྱ་དགོས
2014.11.02