ལོ་དེ་ལ། (ཞར་བཀོད་གསུམ)
སྒྲེན་པོ། (ཟི་ལིང)
ལོ་དེ་ལ
འུ་གཉིས་ཀྱི་བར་དུ
མེ་ཡི་མཁར་གྱང་ཞིག་གིས་ཡོངས་སུ་ཆོད
ཁྱོད་མཁར་གྱང་གི་ནང་ན་ཡོད
ང་མཁར་གྱང་གི་ཕྱི་ན་ཡོད
མཇལ་འཛོམས་ཀྱི་དད་པ་བརྟན་རུང
ངས་མེ་ཡི་མཁར་གྱང་དེ་བརྟོལ་མ་ནུས
དེ་ལྟར
ངས་འུ་གཉིས་ཀྱི་དམ་བཅའ་བྲག་ལ་བརྡབས
གལ་སྲིད་དུས་ཚོད་ཕྱིར་ལྡོག་གིས་འཁོར་ཆོག་ན
འབར་གྱིན་པའི་ནང་སེམས་ཀྱིས
མེ་ཡི་མཁར་གྱང་དེ་བསྒྲལ་ན་ཆོག་ག
ལོ་དེ་ལ
འུ་གཉིས་ཀྱི་བར་དུ
རི་བོ་ཆེན་པོ་ཞིག་གིས་ཡོངས་སུ་ཆོད
ང་རི་བོའི་ཉིན་ཕྱོགས་ན་ཡོད
ཁྱོད་རི་བོའི་སྲིབ་ཕྱོགས་ན་ཡོད
མི་རིང་འཕྲད་པའི་ཁ་ཆད་བྱས་རུང
ཁྱོད་ཀྱིས་ཁངས་ལམ་རྡོག་པས་གཞལ་མ་ནུས
དེ་ལྟར
འུ་གཉིས་ཀྱི་ཁ་ཆད་གཏན་དུ་མ་མངོན
གལ་སྲིད་དུས་ཚོད་ཐག་པས་བཏགས་ཆོག་ན
དགུན་གྱི་ཁངས་ལམ་ཉི་མས་བཞུ་རག་བར་བསྒུགས་རྗེས
འུ་གཉིས་རི་བོའི་རྐེད་ནས་འཕྲད་ན་ཆོག་ག
ལོ་དེ་ལ
འུ་གཉིས་ཀྱི་བར་དུ
གཙང་པོ་ཆེན་པོ་ཞིག་གིས་ཡོངས་སུ་ཆོད
ཁྱོད་གཙང་པོའི་ཕར་ངོགས་ན་ཡོད
ང་གཙང་པོའི་ཚུར་ངོགས་ན་ཡོད
གཙང་པོ་ཧོབ་ཀྱིས་བཅད་དེ
གནམ་གྱི་མཐའ་སྙེག་བསམ་རུང
ཁྱོད་ཀྱིས་གྲུ་ཁེམ་བསྐྱུར
ངས་གྲུ་གཡོར་བརྗེད
དེ་ལྟར
གྲུ་གཟིངས་ཁོ་ན་གཙང་པོའི་དཀྱིལ་ནས་ལུས
གལ་སྲིད་མི་ཚེ་ལ
གལ་ཏེ་ཞེས་པའི་ཆ་འཇོག་ཅིག་མངོན་དུ་འགྱུར་རུང་ན
ཁྱོད་ཀྱིས་གྲུ་ཁེམ་མ་བསྐྱུར
ངས་གྲུ་གཡོར་མ་བརྗེད་ཆོག་ག
རྟོག་པའི་ཕང་ཕུང་།
ང་ཡི་ལག་པ་འདིས
མིའི་རིགས་ཀྱི་སེམས་ངོ་གྱ་གྱུ་བྲིད་ནས
རྐང་གླིང་སྐད་བརྡ་བསྒྱུར་སའི
བྲག་ཅ་ཐོག་མ་དེར་གཟས་ནས་བཅར་གྱིན་འདུག
ང་ཡི་རྣ་བ་འདིས
ཆུ་རྒྱུན་གྱི་བགྲོད་པ་ཤང་ཤང་འཁྲིད་ནས
ལས་ཀྱི་གྲུ་བོ་ལམ་ལ་ཞུགས་སའི
གཙང་པོ་དེའི་ཁུངས་སྙེག་གིན་འདུག
ང་ཡི་མིག་ཟུང་འདིས
དམྱལ་བའི་འོབས་དོང་མེར་མེར་བསྟན་ནས
ནུར་ནུར་ནར་ནར་གོར་གོར་ཀོང་ཀོང་དེ་ཚོ
རྡུལ་དང་བྲལ་བའི་ཤེལ་ངོས་དེར་འབེབས་ཀྱིན་འདུག
ང་ཡི་ལྕེ་འདིས
འདམ་རྫབ་མྱག་མྱོག་གི་ཁྲོན་པ་ལྡག་ཞོར
མངར་བ་ཁ་བ་བསྐ་བ་སྐྱུར་བ་དེ་ཚོ
ཚད་མ་ཡིན་ནོ་སྙམ་ནས་མཐོ་མཐོ་བྱེད་ཀྱིན་འདུག
ང་ཡི་ཁ་འདིས
དལ་མེད་ཀྱི་ཅབ་ཅོབ་དང་དོན་མེད་ཀྱི་ཅ་ཅོ་འབྱིན་བཞིན
རླུང་ལ་ཁ་ཕྱོགས་བསྟན
རྡོ་བའི་སྨྲ་བ་འཕྲོག
ཚིག་གི་མཚོན་ཆ་མགར
ང་ཡི་ཀླད་པ་འདིས
མི་སེམས་ཀྱི་སྣང་བ་ཏུར་ཏུར་བོ་འཁྱེར་ནས
སྦྲང་རྩི་བྱུགས་པའི
སྤུ་གྲིའི་དངོ་ཁ་ཆེམ་ཆེམ་དེ་བརྒལ་ཞོར
རྐང་མཐིལ་ཕུག་ནས་ཁྲག་དམར་འཛར་འཛར་བརྡོལ་གྱིན་འདུག
རྨི་ལམ་ཡོད་པས།
ཉི་མ་ནུབ་ན
མིག་སྐྱིབས་བཙུམ་དགོས་པ་ཅི་རེད
ཟླ་འོད་དང་སྐར་ཚོམ་མེད་ན་མེད
ཉི་འོད་དང་དཀར་མེ་མེད་ན་མེད
ང་ལ་རྨི་ལམ་ཡོད
རྨི་ལམ་ཡོད་པས
མེ་ལོང་ལ་ཧ་བཏབ་རུང
གྲིབ་མ་དང་གཟུགས་པོ་གཉིས་རང་སར་མ་གས
རྡོ་ངོས་སུ་ཆུ་གཤེར་རུང
རྡོ་བ་དང་ཆུ་ཐིགས་གཉིས་རླངས་པར་མ་འཐིམ
དགུན་ཁ
གྲང་ཅང་ཅང་གི་དགུན་ཁ
རྨི་ལམ
ལྡོག་ནས་བཞུར་བའི་གཙང་པོ
ཕྱི་ནང་གི་སྐྱེ་རྒྱུན
རྨི་ལམ་གྱི་རྩིག་པས་མཐུད
ངས་རྨི་ལམ་གྱི་སྒོ་མོ་བརྒྱབ་རྗེས
འཆི་བས་ང་རང་གཏན་དུ་མ་ཟིན
ང་གསོན་ཡོད
ང་ནི་བསྐལ་བ་སྟོང་གི་རྨ་ཤུན་གྱོན་པའི
ཁེར་རྐྱང་གི་ཕ་བོང་དེ་ཡིན
ཕ་ཡུལ།
སྐྱ་རིས་ཕབ་ཀྱང་ཚོས་སྣ་བྱུག་ཐབས་མ་བྱུང་བའི་རི་མོ
དབྱངས་གྲུབ་ཀྱང་གཞས་ཚིག་རྩོམ་ཐབས་མེད་པའི་གླུ
སེམས་བཏིངས་ཀྱང་སྨུག་སྤྲིན་ཁེབས་ཐབས་མ་བྱུང་བའི་ནམ་མཁའ
རྩ་ལྷོད་ཀྱང་རྩ་མདུད་བཤིག་ཐབས་མ་བྱུང་བའི་སྡོམ་རྒྱ
སྔ་རྟིང་བསུབས་ཀྱང་ཕྱི་རྟིང་བསུབ་ཐབས་མེད་པའི་ཁངས་ལམ
རྨ་ཁ་བཙེམས་ཀྱང་རྨ་ཤུན་སོས་ཐབས་མ་བྱུང་བའི་སྐྱི་གཉེར
གདོད་མ
གདོད་མའི་རྒྱ་མཚོ་སྐམ་རྗེས་ཀྱི་ཆུ་ཐིགས་རྡོག་གཅིག