ཞིབ་ཉན།
ཁ་བ།(དཀར་མཛེས)
གཉིད་མི་ཁུགས་པའི་མཚན་མོར་ཞིབ་ཏུ་ཉོན་དང
ས་རྡོ་དང་རྩི་ཤིང་འགུལ་སྐྱོད་བྱེད་པ་ཚོར་སྲིད
དེའི་ཁྲོད་ན་རང་བྱུང་ཁམས་ཆེན་མོའི་མ་བཅོས་པའི་རོལ་དབྱངས་འདུག
ཞིབ་ཏུ་ཉོན་དང
རོལ་དབྱངས་ཀྱི་སྐུད་པ་རེ་རེ་དུམ་བུར་གཅོད་པའི་ཐག་སྒྲའང་ཚོར་ཐུབ
སྐབས་འདིར
གློ་སྙིང་གི་རྩད་པར་རལ་གྲི་སྦྱར་བའི་ན་ཟུག་རྒྱས་འོངས
གཉིད་མི་ཁུགས་པའི་མཚན་མོར་ཞིབ་ཏུ་ཉོན་དང
བྱེ་རྡུལ་རེའི་སྟེང་ནས་ཕོ་བྲང་རེ་འགྱེལ་བའི་ཆོམ་སྒྲ་ཐོས་སྲིད
དེའི་ཁྲོད་ན་མི་རྟ་མང་པོའི་ཞེ་སྡང་གི་ཁྲག་རྗེས་འདུག
ཞིབ་ཏུ་ཉོན་དང
ཁྲག་རྗེས་རེ་རེ་ནས་རེ་སྨོན་གྱི་མེ་ཏོག་ཁྲི་ཕྲག་རྙིད་པའི་འཁུན་སྒྲའང་ཚོར་ཐུབ
སྐབས་འདིར
བླ་གནས་ཀྱི་ལྗོན་རྩར་གྲོག་རོང་དགོད་པའི་དངངས་སྐྲག་སྐྱེས་འོངས
གཉིད་མི་ཁུགས་པའི་མཚན་མོར་ཞིབ་ཏུ་ཉོན་དང
བྱ་བྱེའུ་དང་འབུ་སྲིན་གྱི་སྐྱེ་འཆིའི་དབུགས་རྒྱུན་ཚོར་སྲིད
དེའི་ཁྲོད་ན་མི་རབས་ཤིག་གིས་རྐྱང་འབྲོང་ལ་སྦར་འཐབ་བྱས་པའི་ཀི་སྒྲ་འདུག
ཞིབ་ཏུ་ཉོན་དང
ཀི་སྒྲ་རེ་རེའི་སྣེ་ན་རི་རབ་འཁུར་བའི་སོ་སྒྲའང་འཐོར་བཞིན་པ་ཚོར་ཐུབ
སྐབས་འདིར
རྣམ་ཤེས་ཀྱི་གཤོག་རྩར་འཇའ་ཚོན་གྱི་ལྕེབས་ཐག་འཁྲིལ་བའི་མནར་གཅོད་མྱོང་འོངས
གཉིད་མི་ཁུགས་པའི་མཚན་མོར་ཞིབ་ཏུ་ཉོན་དང
འཕྲུལ་འཁོར་དང་དྲ་རྒྱའི་འདར་སྒྲ་ཚོར་སྲིད
དེའི་ཁྲོད་ན་བརྩེ་དུངས་དང་དམ་བཅའི་ཤུན་སྐོགས་འདུག
ཞིབ་ཏུ་ཉོན་དང
ཤུན་སྐོགས་འོག་ན་ཇེ་ཆེར་བྲུག་བཞིན་པའི་རོ་མྱགས་ཀྱི་རྒྱ་མཚོའང་འགུལ་བ་ཚོར
སྐབས་འདིར
ལྷད་མེད་ཀྱི་བྱིས་བློར་ཇག་ཚོགས་ཀྱིས་མཚོན་རྩེད་བྱས་པའི་འགྱོད་གདུང་སྐྱེས་འོངས
གཉིད་མི་ཁུགས་པའི་མཚན་མོ་རེར་ཞིབ་ཏུ་ཉོན་དང
ཞིབ་ཏུ་ཉོན་དང ཞིབ་ཏུ་ཉོན་དང
ནམ་ལངས་རག་བར་ཞིབ་ཏུ་ཉོན་དང
2015.11.26ཉིན།