དུས་མཐའི་ཤྭ་འོད། (ཞར་བཀོད་བཞི)
སེར་ལེགས་འཕྲིན། (རྔ་བ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
དུས་མཐའི་ཤྭ་འོད། (ཞར་བཀོད་བཞི)
སེར་ལེགས་འཕྲིན། (རྔ་བ)
༡.དུས་མཐའི་ཤྭ་འོད།
ཕོ་རོག་དེའི་ལུས་སྟེང་ནས་རྟེན་འབྲེལ་མཚོན་བྱེད་ཀྱི་དཀར་ཐིག་ཙམ་ཡང་རྙེད་དུ་མེད་པས
ཕོ་རོག་འཕུར་ཤུལ་ན་ཐབ་རྡོ་འཁྱག་པ་འགའ་ལས་ཅི་ཡང་མེད་པས
ལྕགས་ནག་འདོམ་པ་གང་བོར་མངོན་བརྗོད་ཀྱི་རྩི་མེད་པས
ལམ་འགྲམ་གྱི་འབྲོག་སྡེ་འདི་ལ་མཚན་མོའི་བསང་མེ་མེད་པས
བཞུར་གྱིན་པའི་རྨ་ཆུ་ལི་མར་ང་རྒྱལ་གྱི་ཅ་ཅོ་མེད་པས
སྦྲ་ནག་སྟོང་བ་དེའི་ཕུག་ན་མཆོད་མེ་དང་ཕྲེང་བ་མེད་པས
གློག་རྫས་ཀྱིས་བཏོད་པའི་དཀར་ཆ་ལ་བརྩེ་བ་དང་དྲོད་མེད་པས
ཕྱོགས་ཕྱོགས་སུ་འཐོར་སོང་བའི་སྐད་ཆའི་རྡུལ་ཚོགས་ལ་གཞུང་ལུགས་ཀྱི་ཁྱིམ་མེད་པས
གསང་བ་མཚོན་བྱེད་ཀྱི་ཡི་གེ་ལ་བརྡ་སྤྲོད་ཀྱི་དཔུང་མེད་པས
ཡུལ་ལྗོངས་བཟོ་མཁན་གྱི་སྐྱེས་པོ་ཁོ་ལ་སེམས་ཀྱི་ཕ་ཡུལ་མེད་པས
བག་ཕེབས་ཀྱི་ནོར་ལུག་འཚོ་སའི་རི་ལུང་མེད་པས
སྲང་ལམ་འདི་ན་རྒྱུ་འབྲས་ཀྱི་མགོ་རྔ་མེད་པས
ད་ནི་ཐེ་ཚོམ་གྱི་ངང་དུ་མིའི་ལྐོག་གཡོ་ལ་བཅར་རམ་དུས་མཐའི་ཤྭ་འོད་ལ་ལྕེབ
༢༠༡༦ལོའི་ཟླ༨པའི་ཚེས༢༦ཉིན།
༢.དུས་མཐའི་ཤྭ་འོད།
རྣམ་ཤེས་གཅེར་བུ་མར་བདེན་པའི་ལུས་ཀྱི་ཤེད་ཤུགས་མེད་པས
དུས་ཚོད་ཀྱི་འཕྲུལ་ཆས་ཆེན་པོ་འདིའི་ཁོག་ན་སྙིང་རྗེའི་ཟུངས་ཁྲག་རྒྱུ་སའི་རྩ་ལམ་མེད་པས
འགྱིག་གི་བྱེའུ་ཕྲུག་འདི་ལ་བརྩེ་བའི་མ་དང་གཉེན་ཉེ་མེད་པས
སྐད་ཆའི་བྲག་ཅ་ལ་ཚ་མོའི་མེ་སྟག་མེད་པས
བས་མཐའི་རི་དྭགས་དེ་ལ་ཡིད་འོང་གི་རྨིག་རྗེས་མེད་པས
སྣང་བ་ཞིག་ལ གོ་རིམ་དང་སྔ་གཞུག་མེད་པས
རྫོགས་ལྡན་གྱི་རླུང་དང་རྒྱལ་རབས་མེད་པས
ལས་བསྐོས་འཇའ་ཚོན་མེད་པས
ཆུ་རིས་ཤིག་ཤིག་གི་རྨི་ལམ་མེད་པས
དར་ཟབ་དང་ཐིག་ལེ སྒྲོ་སྤུ་མེད་པས
བློས་བསླངས་མེད་པས
སེམས་ཀྱི་གཞལ་ཡས་མེད་པས
བྱེ་བ་ཕྲག་བརྒྱའི་བྱུང་རབས་དང་སྲ་ཞིང་འཐས་པ་དག་མེད་པས
ལུས་ཀྱི་ཕྲ་ཕུང་ནང་གི་ནད་འབུ་མེད་པས
ལེགས་ཉེས་ཀྱི་བྲོ་བ་མེད་པས
སྐྱོ་གདུང་དང་ཁ་དོག དཔག་ཏུ་མེད་པ་དག་མེད་པས
བྱིན་རླབས་དང་མི་སོས་པའི་རྨ་ཁ་མེད་པས
སྦས་དོན་ཟབ་མོའི་གདམས་པ་མེད་པས
བཤད་པས་མི་རྫོགས་པའི་སྒྲུང་དང་བུ་ལོན་མེད་པས
རྟོག་བཟོ་མེད་པས
ཤུགས་བསྟན་གྱི་འབོག་མེད་པས
གླིང་བཞིར་བསྐོར་བའི་ཡེ་ཤེས་ཀྱི་སྤྱན་མེད་པས
ལྷན་པ་དང་བརྩེགས་མ སྙིང་སྟོབས་མེད་པས
སྤྲིན་པ་ལ་དབུགས་མེད་པས
ངོ་ལོག་གི་ཚང་མེད་པས
གོ་ཁྲབ་ཕུག་ན་བཟོད་པ་མེད་པས
བདུད་རྩི་མེད་པས
ཡི་དྭགས་མེད་པས
མནར་གཅོད་མེད་པས
ཉན་གྱིན་ཉན་གྱིན་ཆར་ཞོད་ལ་སྒྲ་མེད་པས
སེམས་ལ་དོགས་པ་མེད་པས
དུས་མཐའི་ཤྭ་འོད་ལ་མཚོན་བྱ་དང་མཚོན་བྱེད་མེད་པས
༢༠༡༦ལོའི་ཟླ༨པའི་ཚེས༢༧ཉིན།
༣.དུས་མཐའི་ཤྭ་འོད།
སེམས་ནང་ན་རྩ་ཆེ་བའི་དངོས་པོ་ཅི་ཡང་མེད་པས
བློས་མི་ཐོང་བའི་ཤེས་རིག་གི་དཔྱངས་ཟམ་མེད་པས
གོམས་སྲོལ་གྱི་ནགས་ཚལ་མེད་པས
སྨུག་པ་མེད་པས
ལེགས་བཤད་མེད་པས
ནེའུ་གསིང་མེད་པས
དཔག་པར་དཀའ་བའི་འཆི་འཕོ་མེད་པས
ཀུན་སྤྱོད་ཀྱིས་འབྲེང་བའི་མདུད་པ་མེད་པས
དམིགས་བསལ་གྱི་ཆོ་ལོ་མེད་པས
གཏམ་རྒྱུད་ཀྱི་ཚབ་ཏུ་རུང་བའི་དབྱར་ཀ་མེད་པས
གཡང་གཟར་མེད་པས
ཞེ་སྡང་མེད་པས
སྙིང་ཁར་ཨ་ཡིག་གིས་བཟོས་པའི་ཟིང་ཆ་མེད་པས
རྒྱན་དང་གདོད་མ སྐྱབས་གནས་མེད་པས
ངར་ལྕགས་ཀྱི་མཆུ་མེད་པས
ཆ་ཤས་དང་དུམ་བུ་བརྒྱ་སྟོང་མེད་པས
རྐང་ཐང་ལ་གོམས་པའི་རྒྱུ་དང་རྐྱེན་མེད་པས
གྲངས་མེད་ཀྱི་ཆོ་འཕྲུལ་མེད་པས
འུ་ཅག་མཉམ་དུ་མཚོན་བྱེད་ཀྱི་ལྭ་བ་དང་དུས་ཚིགས་མེད་པས
མི་ཚང་བ་སྟོན་བྱེད་ཀྱི་ལྷུ་ལག་མེད་པས
དབྱངས་གསལ་གྱི་ཕུབ་དང་མ་འོངས་པ་མེད་པས
གཏན་དུ་མི་འཇིག་པ་མེད་པས
གཡུར་དུ་ཟ་བ་དང་ཡིད་འོང་གི་འཆར་ནུབ་མེད་པས
གསང་བ་དང་ས་གཞན་མེད་པས
གཟི་དང་འཕང དན་ཕྲུ་མེད་པས
གནའ་སྔ་མོ་མེད་པས
ཐག་ཉེ་རིང་གི་དྭངས་ཤིང་གཙང་བ་དག་མེད་པས
སྐད་ཆ་ལ་མཐུ་མེད་པས
དུས་མཐའི་ཤྭ་འོད་ལ་མངོན་སུམ་གྱི་བསྒྲགས་གཏམ་མེད་པས
༢༠༡༦ལོའི་ཟླ༨པའི་ཚེས༢༨ཉིན།
༤.དུས་མཐའི་ཤྭ་འོད།
ངེས་པ་མེད་པས
རྫས་དང་དཀྱིལ་མོ་ཀྲུང་གི་ཆོ་ག་མེད་པས
བློ་ཡུལ་ལ་མི་ཤོང་བའི་བྱ་སྤྱོད་མེད་པས
དོགས་མི་བདེ་བའི་སྐྱེ་རྒ་མེད་པས
དམག་རྟ་དང་དྲིལ་བུ་མེད་པས
གོས་སེར་པོ་དང་ཞང་བློན་མེད་པས
ཕོ་ཉ་ལ་ངག་གི་རྟ་དང་སྒྱུ་མའི་གཞུ་མེད་པས
ལྟ་ན་སྡུག་པའི་བཟོ་བཀོད་མེད་པས
མི་རྙེད་པའི་ཁ་བ་མེད་པས
སྒྲིབ་སྦྱོང་མེད་པས
ལྗོན་ཤིང་གི་ལོ་མ་ངུས་པའི་དྲི་མེད་པས
ཉོན་མོངས་མེད་པས
འདས་སོང་གི་ཀླན་ཀ་མེད་པས
དངངས་སྐྲག་མེད་པས
འཚང་ཁ་མེད་པས
མཚམས་སྤྲིན་དང་ཁྲུང་ཁྲུང་མེད་པས
བར་སྣང་དང་གསེར་ཏོག གླུ་སྐད་མེད་པས
ཆུ་བུར་མིག་ལ་དག་སྣང་མེད་པས
སྙིང་ཉེ་བའི་གླེན་པ་མེད་པས
སྤྲུལ་བའི་ལྷ་ལྷ་མོ་མེད་པས
ངོ་ཚའི་སྒྲིབ་གཡོག་མེད་པས
མི་རུང་བ་དང་མ་ཞུ་བའི་གངས་མེད་པས
ག་ས་གང་དུ་སོ་སྒྲ་ཧྲུག་ཧྲུག་གི་སྟ་གོན་མེད་པས
དུས་ཚོད་ཀྱི་ཇག་པ་མེད་པས
ཆུ་ལས་སྐྱེས་པ་མེད་པས
འབྲུ་གུ་མེད་པས
ཕོ་རོག་དང་རིགས་གཅིག་པའི་ཐ་སྙད་མེད་པས
སྲིད་པའི་རྩེ་མོ་མེད་པས
སེམས་པའི་ངོས་ཀྱི་སྐར་མ་འཁྱག་པ་དག་མེད་པས
རྡོ་རྗེ་ཐེག་པའི་ཕྱག་རྒྱ་མེད་པས
གསེར་འོད་ལམ་ལམ་གྱི་ཉི་ཟླ་མེད་པས
ཇི་སྲིད་དུ་མི་སྲིད་པ་དག་མེད་པས
སྡུག་བསྔལ་གྱི་གཟེར་མ་ལ་རྣོ་མེད་པས
ལུས་ཀྱི་སྒྱེ་མོའི་ནང་ན་ཅི་ཡང་མེད་པས
རྐང་དང་སྒལ་རྣག ཁྲག་དང་ཁུ་བ་མེད་པས
ཆགས་སྲེད་ཀྱི་ཉམས་མེད་པས
ཕར་འགྲོ་ཚུར་ཡོང་གི་བཟོ་ལྟ་མེད་པས
ཁ་རླངས་ལ་རོ་མེད་པས
སྐམ་ཐན་གྱི་ནད་མེད་པས
ལུད་པ་མེད་པས
མཚན་མོ་ལ་མདོག་མེད་པས
དུས་མཐའི་ཤྭ་འོད་ལ་སྒྲ་མེད་པར་ཁྱོད་ཀྱི་སྐྱེད་ཚལ་དུ་དཔུང་རྒྱུག་བྱས
༢༠༡༦ལོའི་ཟླ༨པའི་ཚེས༢༨ཉིན།
༥.དུས་མཐའི་ཤྭ་འོད།
སྟོད་ཀྱི་རྫ་རི་ལ་སྨུག་སྤྲིན་མེད་པས
གཡའ་དག་པའི་ལ་གཞས་མེད་པས
གཡུ་ཆུང་དྲུག་དཀར་མེད་པས
འདབ་མ་སྟོང་ལྡན་གྱི་སེར་ཆེན་མེད་པས
ལན་བུའི་རྒྱ་ལྕང་ལ་རང་བྱུང་གི་དྲི་ངད་མེད་པས
འདོ་བ་གཡུ་བྱ་ལ་ཞེ་སྨྲེང་བའི་འཚེར་སྐད་མེད་པས
ཡུལ་ལྗོངས་འདི་ལ་གཏིང་ཟབ་པའི་སྐྱ་རེངས་མེད་པས
ཨུ་དུམ་ཝ་ར་མེད་པས
ཡུ་མོ་དང་སེང་རིས དིང་གླིང་གི་མགྲིན་པ་མེད་པས
སྙིང་ལ་ཚེར་མ་འཛུགས་པའི་སྐར་མདའ་མེད་པས
ཆུ་སྒྲ་ཤག་ཤག་གི་ཕྱི་དྲོ་མེད་པས
མཚམས་མེད་པར་གྱེར་བའི་སྦྲང་མའི་བཟི་གླུ་མེད་པས
རག་སྐྱོགས་ནང་གི་ཉ་མོར་གཤོག་པ་མེད་པས
དལ་ཅག་གེར་སྡོད་པའི་རི་ཕྲེང་མེད་པས
ལུག་ཁྱུ་མེད་པས
བྱ་རྒོད་ཀྱི་ལྡིང་སྐོར་མེད་པས
འདྲེ་དང་གྲིབ་མ་མེད་པས
ངལ་རྩོལ་དང་ལག་རྩལ སྐྱེ་བ་སྔོན་མ་དྲན་བྱེད་ཀྱི་རྒྱུ་ཆ་མེད་པས
བ་དན་འཚུབ་བྱེད་ཀྱི་སྐྱ་མི་མེད་པས
ཀི་བ诚་དང་ལྷ་རྒྱལ་མེད་པས
རུ་ཁ་ཁྱིམ་མཚེས་བར་ལ་བརྩེ་དུངས་ཀྱི་འགྲོ་འོང་མེད་པས
མགྲིན་གཅིག་གདངས་གཅིག་གི་དཔུང་བ་མཉམ་གཤིབ་ཀྱི་གཙང་པོ་མེད་པས
དགེ་སྡིག་གི་ལྟད་མོ་འཁྲབ་པའི་བུ་ཡུག་མེད་པས
དུས་མཐའི་ཤྭ་འོད་ཀྱི་རྗེས་སུ་ལ་ལུང་སྐྱ་ཐང་ཐང
༢༠༡༦ལོའི་ཟླ༨པའི་ཚེས༢༩ཉིན།