བྱུང་བ་ཁྲ་ཆིལ་དགུ་ཆིལ།
བྱམས་ཕྲུག (པེ་ཅིང)
འཕོ་ལྟུང་གནམ་གྲུའི་འགྲོས་སུ་ཞུགས་པའི་ལུས་པོའི་སྐར་མདའ
ཁྱིམ་མཚེས་མེ་ཏོག་གི་ཟེའུ་འབྲུ་ལ་རྔམ་པའི་ཟེ་བ་དང་ལྐོག་མིག
སྡུག་བསྔལ་མཁྲེགས་པོ་དང་སྣང་བའི་སྤམ་རྫུ
འཁྲིལ་ལྡེམ་མའི་ཐག་སྒྲས་བསད་པའི
བསྟོད་པ་དང་མཐེ་བོང དཔའ་རབས་ཀྱི་སྒྲུང་རྒྱུད
བ་གམ་འཕྱོར་བོའི་ཤ་སྐྱིའི་གསའ་གསེང་ལ་ཐིམ་པའི་གྲིབ་མ
ཡོ་འཁྱོག་ཐེབས་པའི དགྱེ་སྒུར་མང་བའི་གྲིབ་མ
འཕྱོ་ཙམ་འཇགས་ཙམ་གྱི་འཆར་ཡན་དང་ཉམས་རྟོགས
ཡི་གེའི་རྒྱུད་སྐུད་ལ་ཞེད་དེ་བྲོས་པའི་མདའ་མོ་ནག་གེ་བ
བརྩེ་དུངས་ཀྱི་འབེན་མིག་ལ་ཕྱོགས་པའི མདའ་མོ
མི་སེམས་ཀྱི་སྙིང་རྩིད་ལ་མ་རེག་པའི
ཆུ་ས་མེ་རླུང་དང་ནམ་མཁའ
མཚན་མོའི་མགོ་དཀྲིས་དམར་པོའི་ཁུགས་ཀྱི་ཕུགས་བསམ་གྱི་རྒྱལ་ཁབ
སྒོ་སམ་ངོས་ཀྱི་རྣམ་དཔྱོད་རབ་རིབ་དང་མི་ཚུགས
ཡེ་ནས་འབྱེད་རྒྱུ་མེད་པའི་ཁ་ཡི་པད་མོ པད་མོ་ནག་པོ
རྩིག་ལྡེབས་དང་གདོང་གཏོད་དུས་ཀྱི་བདེ་བ མི་ཐེག་པའི་ལྗིད་ཚད
སྤྲོ་གར་དང་འཇོ་སྒེག་གི་ཉམས་འཛིན་མཁན་གྱི
ཁོག་པའི་ནང་བསྐུངས་བསྐུངས་ལ་ཡོད་པའི་གཟུགས་ཅན་གྱི་སེམས་བྱུང
སད་ལ་ཁད་ཀྱི་རྨི་ལམ རྨི་ལམ་འཁྲལ་འཁྲུལ་གྱིས་གཙེས་པའི
གཙེས་པའི་སྡུག་ཡུས་དང་འདུ་འབྲལ འདུ་འབྲལ་གྱི་སྟག་དང་གཟིག
སྟག་དང་གཟིག་གི་སློག་པ་ཁྲ་ཁྲ ཁྲ་ཁྲའི་མི་སེམས
སྲབ་ལས་ཤོར་བའི་ཆགས་སྡང་གི་སྣ་དང་གདོང་བ སོ་ཕྲེང
སྒྱུ་མའི་གར་སྟབས་ཀྱིས་ལྷེམ་པར་བྱས་པའི་སྣང་བའི་གཡབ་གཡུག
དྲག་བསྐྱེད་མེད་པའི་ལས་ནད་ཀྱི་ཆུ་གཏེར མི་བྲི་ལ་གང་བ་མེད་པའི
ནད་ཁྲི་ལ་འབྱར་བའི་དུས་ཚོད་ཀྱི་མེ་ཏོག་གི་ནད་པ
ཁྱོད་ཀྱི་དཔུང་བ་དང་ཡང་ཉེ་ཉེ་འདྲ་བའི ཉེ་ཉེ་འདྲ་བའི
འདབ་མའི་རྫུ་བག་དང་ཟེའུ་འབྲུའི་སྐྱུག་བྲོ་བའི་སྦལ་གདོང
གང་གི་དེ་ནས་སུ་དང་ཇི་ལྟར་དུ
ལྟུང་ལྟུང་ལ་ཡོད་པའི་མཚོ་དཀྱིལ་གྱི་སྲིན་བུ
ཆར་བའི་ཤག་སྒྲ རེའུ་མིག་དང་ཡིག་ཆའི་ཆར་བའི་ཤག་སྒྲ
ཐ་གུ་དམ་དུམ་གྱིས་བསྐོར་བའི་དོན་སྙིང དོན་སྙིང་སྟེ
འདོད་ཧམ་ཆེན་པོའི་གཡང་གཟར་གྱི་གོམ་ལག་དང་ཕྱག་རྒྱ
སྣང་བའི་བ་མོས་བཏེགས་པའི་སྨྲེང་གཞས་ཐན་ཐུན
རླུང་གི་ཕྱག་སོར་དང་འཇའ་འོད་ཀྱི་རེ་ཁས་མཚན་པའི་སྟོད་གོས
སྟོད་གོས་ཤུར་མོའི་ནང་གི་མི་སྐྱའི་ཆོབ་ཚ་བའི་གཟུགས་བརྙན
མེ མེ་ལྕེའི་རྩ་རྒྱུས རྩ་རྒྱུས་ནང་གི་ཡོད་ཡོད་འདྲ་བའི་བདེ་སྐྱིད་ཀྱི་རྐང་མར
དུས་ཚོད་ཀྱི་སྐག་སྒྲས་ལན་བརྒྱར་བསད་པའི་རོ་ལངས
གྲོག་སྦུར་ཨང་གྲོག་སྦུར
ཕུད་ཐབས་མེད་པའི་ལས་ཀྱི་བེར་ནག
ཆུ་དང་མཛའ་ལ་མེ་དང་ཡང་མིང་སྲིང་ཆགས་པའི
ཁྱབ་པ་འདུ་བྱེད་ཀྱི་འཚིག་དྲི་དང་བཞའ་བརླན
མཆོད་སྟེགས་སྟེང་བཤམས་བཤམས་ལ་ཡོད་པའི་མེ་ཏོག
འགྱིག་ཤོག་གི ངུ་འབོད་ཀྱི བཤང་གཅི་ཡི སྐྱུར་དར་གྱི
ཛ་ཕོག་གི་མེ་ཏོག མེ་ཏོག་སྙིང་ལ་རྗེ་བོ
རླུང་གི་ལག་རྡང་ཆད་རྗེས་ཀྱི་མུ་གེ གླ་རྩིའི་མུ་གེ
སྐྱོབ་ཐབས་མེད་པའི་གྲིབ་མ གྲིབ་མའི་ལྟེབ་ཁུགས་ནང་གི་རྣམ་ཤེས་ཟུར་གསུམ
ཕུགས་བསམ་ཀྱ་ཀྱུ ཀྱ་ཀྱུའི་སྣང་ཤས
མི་ནག་བུད་མེད་དེའི་གདུབ་ཀོར་སིལ་སིལ་གྱིས་དྲངས་པའི
རྣམ་ཤེས་ཀྱི་ཉིན་ཞག་དང་ཕྱིར་དྲན་གྱི་ཞབས་མེད་པའི་སྦུག་ལམ
མགྲོན་བུ་དང་ཐེ་གེ
པྲ་ཚགས་དང་རྫ་རྫུན་གྱི་སྤྱོད་པའི་འབུ་ཆ་ག
ཤང་ཤང་གི་ཆུ་མོ་དང་ཆུ་མོའི་རྡ་རྡི
ད་ལྟ་དྲན་ཡུལ་ན་ལྷང་ངེར་ཡོད་པའི་བྱིས་དུས
འཇའ་རིས་ཀྱི་རྣ་རྒྱན་དང་ཨུ་དུམ་ཝ་རའི་ཚི་ལེན་དཀར་པོ
བཞིན ལྟར་ལྟ་བུའི་བྱིས་དུས བྱིས་དུས བྱིས་དུས
ཁྱོད་དང་ངའི་བྱིས་དུས བྱིས་དུས་འཚབ་འཚུབ་སྟེ
རྟབ་རྟབ་པོའི་རྟོགས་བརྗོད་ཀྱི་སྐྱ་མི་དང་རྗོད་པ་དམ་དུམ
ཕུགས་བསམ་ཞེས་ཁ་ནས་བཤད་མ་ཐག་ཏུ
གད་མོ་ཐག་ཐག་ཏུ་བགད་མྱོང་བའི་ཤིག་དང་སྲོ་མ
ཡུལ་གྱར་བའི་འདང་རྩིས་མག་མོག་གི་ངུ་རྒྱངས
མདུན་ཅོག་སྟེང་གི་ཤོག་ལྷེ་གཅིག་ཀྱང་སྒུལ་མི་ཐུབ་པའི་ངུ་རྒྱངས
རྒས་གཉེར་གྱི་ཤུགས་བསྟན་ལ་བསྐུངས་པའི་ལོ་ཟླའི་ཕྲ་རབ
མཚམས་སྤྲིན་གྱི་བརླ་བར་དུ་ཟུག་པའི་མགོ་ལྕོག་གུག་གུག
ཁྲབ་རྨོག་ཧྲག་ཧྲག་གི མདའ་མདུང་སོག་སོག་གི
ཞོགས་ནས་ཡོང་གིན་པའི་ལྗང་སེར་གློ་དམར་གྱི་གབ་དོན
ཀྱེ་ཀྱེ བདག་གི་དམག་དཔུང་བདག་གི་ཡབ་ཆེན
ཐ་ལ་དྲུག་འགྱུར་གང་ན གཏུམ་མོའི་མེ་དྲོད་གང་ན
གཡུ་བྱ་གཡུ་རྟ་གང་ན རྟག་པའི་བུ་ཆུང་གང་ན
སྔགས་རྒན་གསེར་གྱི་བྱ་རུ་ཅན་དེ་གང་ན
སྨན་པ་དུང་གི་ཐོར་ཅོག་ཅན་དེ་གང་ན གང་ན
ཚེ་ཚེ་རབས་རབས་གང་གང་ལས་ཀྱི་རླུང་བུའི་རྒྱལ་མཚན་རྩེ་མོ
ལམ་ལམ་གཡབ་གཡུག་གིས་བསླངས་པའི་བྱུར་གྱི་མེ་ཏོག
འདོད་འདོད་དུ་བཙངས་པའི་འགོང་བོ་དང་གཡོ་ཟོལ དཀར་ནག་གོ་ལྡོག
རིག་པ་འཁྲལ་འཁྲུལ་གྱི་རྒྱ་མེན ཚ་བེར་བེར་གྱི་རྒྱ་མེན
ཀྱེ་མའོ རྒོད་ཐང་དཀར་ཐང་ནག
གང་དང་འདྲ་ས་བཞི་ལྔ་དྲུག་བདུན
རོལ་མོ་དམར་ལྗང་འོག་གི་ཟེ་བའི་མགོ་ལྕོག
ལྡེམ་ལྡེམ་མགོ་ལྕོག་ལྡེམ་ལྡེམ
ཁྱོད ཁྱོད་སྟེ གྲོང་ཁྱེར་ཆེན་པོའི་ཧྲག་བར་ན་རྒྱུ་བཞིན་པའི་རི་སྤྱང
འདོད་ཧམ་གྱི་གླ་བོ་དང་སྟག་གཟིག་སྨྱོན་པ
སྦྲུལ་ཤུན་གྱི་ཞེ་སྡང་གི་ཁྲ་ཁྲའི་རི་མོ་དང་ཡན་ལག་ཉིང་ལག