ངས་སྐྱུར་མི་ཕོད་པ་འདི་ཚོ།
རྒུ་རུ་བ་རྡོ། (མཚོ་ལྷོ)
ང་ལ་རྒྱུན་པར་སྐྱུར་མི་ཕོད་པ་མང་པོ་ཞིག་ཡོད
གྲང་ན་ཁ་ངོ་སྲོ་ས་དང་ལྟོགས་ན་ལག་པ་སྲིང་སའི་ཕ་ས་ལག་མཐིལ་འདྲ་བོ་དེ་གཅིག་ཡིན
ཕ་མ་བྱམས་སེམས་ཅན་ཞིག་དང་འདྲ་སོང
ཕ་མེས་ནས་བརྒྱུད་འོང་བའི་རུས་མིང་གསེར་བྲིས་མ་བོ་དེ་གཅིག་ཡིན
གསེར་གྱི་ནོར་བུ་ཞིག་དང་འདྲ་སོང
ས་རུབ་ན་གཟས་ས་དང་རླུང་གཡུག་ན་གཡོལ་སའི་མགོ་སྦྲ་སྨུག་ཤོད་མ་དེ་གཅིག་ཡིན
ལྷའི་ལྡིང་ཁང་ཞིག་དང་འདྲ་སོང
ཁ་སང་ཡང་ང་རང་སྐྱུར་མི་ཕོད་པ་རེ་གཉིས་དང་འཕྲད་སོང
ཤུག་པ་ཐར་ཐོར་གྱིས་བཟུང་བའི་བྲག་རི་དེ་གཅིག་ཡིན
ལན་བུ་སྔས་མགོར་འཁྱིལ་བའི་མཛེས་མ་ཞིག་དང་འདྲ་སོང
སྨུག་པ་ལང་ལོང་གིས་བཏུམས་པའི་རྫ་རི་དེ་གཅིག་ཡིན
སྨྲེང་བས་གཟིར་བའི་བུ་མོ་ཞིག་དང་འདྲ་སོང
ཤང་ཤང་དུ་རྒྱུག་གིན་པའི་ཆུ་མོ་དེ་གཅིག་ཡིན
མིག་མཐར་མཆི་མ་འཁྱིལ་བའི་དགའ་མ་ཞིག་དང་འདྲ་སོང
ཕ་མིང་དངུལ་ལ་བརྗེ་ཕོད་པའི་དེ་རིང་ཡང
ང་ལ་སྐྱུར་མི་ཕོད་པ་ཇི་འདྲའི་མང་པོ་ཞིག་འདུག་ཨང
༢༠༡༥.༩.༣༠ཉིན།