ཉིན་གཅིག་གི་མི་རྟག་པ།
རོང་བོ་གངས་དཀར། (རྨ་ལྷོ)
འདི་ལྟར ཉིན་གཅིག་ནི
ཞོགས་པའི་གཉིད་འཕྲོ་ནས་ཟད་ཅིང
ཁ་ལག་བཀྲུ་ཞོར་དང་སོ་འཁྲུ་ཞོར་དུ་ཟད
ཞོགས་ཇ་དང་སྟོང་འདང་གིས་ཟད་ཅིང
ཁ་ཏོན་མག་མོག་དང་རྟོག་པ་བན་བུན་ཁྲོད་ནས་ཟད
གློག་ཀླད་ཀྱི་མཐེབ་གཞོང་སྒུལ་བའི་སྒྲ་ལས་ཟད་ཅིང
ཁ་པར་གྱི་དྲིལ་བརྡ་དང་ཕྱི་ལ་ཆས་པའི་གྲ་སྒྲིག་ལས་ཟད
གྲོགས་པོ་གསུམ་འཛོམས་ནས
ཧབ་ཆ་སྐག་དིར་རེ་བྱས་ནས་ཟད་ཅིང
གྲོགས་པོ་བཞི་འཛོམས་ནས
གང་ལ་འགྲོ་རྒྱུ་དང་ཅི་ཞིག་བྱེད་མིན་ལ་གྲོས་བྱས་ནས་ཟད
གྲོགས་པོ་ལྔ་བ་ལ་ཁ་པར་བཏང་ནས་ཐོན་ཡོད་མེད་དྲིས་ནས་ཟད་ཅིང
ཕྱི་དྲོ་ཞིག་གི་རིང་ལ་འཛམ་གླིང་ཤར་ནུབ་དང
གངས་ཅན་སྟོད་སྨད རྒྱ་ནང་བོད་ནང
སྐད་ཡིག་རིག་གཞུང་སོགས་གླེང་ནས་ཟད
ས་རུབ་སོང ཉིན་གཅིག་ནི
འདི་ལྟར མཛུབ་རྩེ་ནས་ཟད་ཅིང
རིམ་གྱིས སོ་སོའི་དྲན་ངོགས་ནས་གཏན་དུ་ཡལ་སོང་ངོ
2017.03.02ཉིན།